ཆོ་འཕྲུལ་དུས་ཆེན་ཉིན་༧གོང་ས་མཆོག་གི་གསུང་ཆོས།

༧གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་དང་བསྟུན་ནས་སྟོན་པའི་སྐྱེས་རབས་དང་རྟེན་འབྲེལ་བསྟོད་པ། བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་སོང་།

ཟླ་འདིའི་ཚེས་༡༨ ཀྱི་ཞོགས་པའི་ཆུ་ཚོད་༨:༣༠ ཡོལ་ཙམ་ལ་༧གོང་ས་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་ཏེ་བཞུགས་ཁྲིར་ཞབས་སོར་འཁོད་ཡོད་པ་དང་། དབུ་མཛད་ཆེན་མོ་སོགས་ཀྱིས་མཎྜལ་འདེགས་འབུལ་ཞུས་རྗེས་གསུང་ཆོས་དངོས་དབུ་འཛུགས་གནང་སོང་།

སྐབས་དེར་༧གོང་ས་མཆོག་གིས་ཆོ་འཕྲུལ་དུས་ཆེན་དང་འབྲེལ་ནས། དེ་རིང་ཆོ་འཕྲུལ་དུས་ཆེན་འདིའི་ཁར་ཐུག་ལ་སྔོན་མ་རྒྱ་གར་དུ་བདག་ཅག་གི་སྟོན་པ་དང་མུ་སྟེགས་པ་ཚོའི་བར་ཆོས་ཕྱོགས་ཀྱི་དྲི་བ་དྲིས་ལན་གནང་གི་ཡོད་པ་དང་། ཕྱིས་སུ་བོད་ལ་འཇམ་འགོན་བླ་མ་ཙོང་ཁ་པ་ཆེན་པོས་དུས་འདིར་ཆོ་འཕྲུལ་སྨོན་ལམ་གྱི་དུས་སྟོན་ཞིག་མཛད་གནང་བ་ཡིན་ཚུལ་དང་། དུས་སྐབས་ཤིག་ལ་སྨོན་ལམ་གྱི་མཛད་སྒོ་ཚུགས་མ་ཐུབ་པས་རྒྱལ་དབང་དགེ་འདུན་རྒྱ་མཚོའི་སྐབས་སུ་ཐབས་ཤེས་འབད་བརྩོན་གནང་སྟེ་བསྐྱར་གསོ་གནང་ཡོད་པ་དང་། དེའི་རྗེས་༧གོང་ས་མཆོག་དབུས་པའི་བོད་མི་མང་པོ་བཙན་བྱོལ་བ་ཆགས་རྗེས་བོད་ལ་ལོ་ཁ་ཤས་རིང་སྨོན་ལམ་འཚོགས་ཐུབ་མེད་ཀྱང་པཎ་ཆེན་རིན་པོ་ཆེས་ཐུགས་ཁུར་བསྐྱེད་ནས་སྨོན་ལམ་གྱི་དུས་སྟོན་འཚོགས་རྒྱུ་ཞིག་བྱུང་བ་དང་བཙན་བྱོལ་ནང་དུ་རྒྱས་བསྡུས་ལ་མ་ལྟོས་སྨོན་ལམ་རྟག་ཏུ་འཚོགས་རྒྱུ་བྱུང་ཚུལ་སོགས་གསུངས་སོང་།

སྟོན་པའི་སྐྱེས་རབས་ནི་ནམ་རྒྱུན་སྨོན་ལམ་སྐབས་སུ་གསུངས་པའི་ཕྱག་བཞེས་ཡོད་པ་ཞིག་ཡིན་འདུག

༧གོང་ས་མཆོག་གིས་ཆོས་ལུགས་ཀྱིས་འཛམ་བུ་གླིང་ལ་ཕན་པའི་སྐོར་བཀའ་སློབ་གནང་དོན། སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་ཡིན་པའི་དུས་ད་ལྟ་ཡང་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཡོང་སྡོད་ཀྱི་ཡོད་པ་དང་། སྤྱིར་བྱམས་པ་དང་བརྩེ་བ། བཟོད་པ་དང་ཆོག་ཤེས་དེ་དག་འཇིག་རྟེན་བཀོད་པ་པོ་འདོད་མིན་ཚང་མས་ཁས་ལེན་གྱི་ཡོད་པ་དང་ལོ་ངོ་སྟོང་ཕྲག་གཉིས་ལྷག་སོང་བའི་ཆོས་ལུགས་ཁག་དེས་འཛམ་བུ་གླིང་ལ་ཕན་གྱི་ཡོད་སྐོར་དང་། དེ་བཞིན་ཐོག་མར་སྐྱེས་པའི་ཉིན་མོ་ནས་མ་ཡི་བརྩེ་བའི་འོག་ནས་འཚོ་བཞིན་འཚར་ལོངས་བྱུང་བ་དེ་མིའི་བཟང་པོའི་ཡོན་ཏན་གཙོ་བོ་ཡིན་པས་མི་འཚོ་བ་ལ་དེ་དགོས་ཀྱི་ཡོད་པར་གསུངས་པ་དང་། ཆོས་ལུགས་དེ་དག་མིའི་ཆོས་ཡིན་པས་མིའི་བཟང་པོའི་ཡོན་ཏན་རྩལ་འདོན་བྱས་ནས་གསུང་གི་ཡོད་པ་ཆོས་ཉིད་ཡིན་སྐོར་གསུངས་པ་དང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་བརྩེ་བའི་བདག་ཉིད་དཀོན་མཆོག་དེའི་སྲས་ཡིན་པའི་རང་ལུགས་ཀྱི་ལྟ་གྲུབ་དེའི་ངོ་ཐོག་ཏུ་ལག་ལེན་བསྟར་ན་གཅིག་གིས་གཅིག་ལ་གསོད་རེས་གཏོང་རྒྱུ་དང་བསམ་ནག་བྱེད་རྒྱུ་ཡོང་གི་མེད་པར་གསུངས་སོང་།

གཞན་ཡང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ཚོས་བྱམས་བརྩེ་ཟེར་ཡ་དེ་བདེ་སྐྱིད་ཀྱི་རྩ་བ་འདོད་པ་དང་རང་ཉིད་ལ་ཆ་བཞག་ན་ཇི་ཙམ་གྱིས་བྱམས་བརྩེ་ཡོད་ན་དེའི་ཚོད་ཀྱིས་ཞི་བདེ་དང་སྐྱིད་པོ་ཡོང་གི་ཡོད་པ་དང་། བདེ་བ་དང་སྡུག་བསྔལ་ནི་ལས་བཟང་པོ་བསགས་ཏེ་སོ་སོའི་སྤྱོད་པ་དེས་གཞན་ལ་ཕན་པའི་བྱ་བ་བྱས་ན་རང་ལ་བདེ་བ་ཡོད་པ་དང་། གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོད་པ་བཅས་ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་ནས་བྱམས་བརྩེ་གོང་འཕེལ་གཏོང་གི་ཡོད་སྐོར་གསུངས་སོང་།

ཆོས་ཡོད་མེད་ལ་མ་ལྟོས་པར་གཞན་ཕན་གྱི་བློ་དགོས་པར་གསུང་དོན། ཆོས་ཡོད་ཀྱང་མེད་ཀྱང་རང་གི་རྟེན་ས་སྤྱི་ཚོགས་ཡིན་པ་དང་སྤྱི་ཚོགས་དང་ཇི་ཙམ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་སྤྱི་ཚོགས་དང་དངོས་གནས་སེམས་ཐག་ཉེ་བོ་ཡོད་དུས་རང་ལ་ཕན་གྱི་ཡོད་པ་དང་། སྤྱི་ཚོགས་དང་ཁ་བྲལ་ན་ཤེས་ཡོན་དང་སྟོབས་ཡོད་པ་གང་འདྲ་ཞིག་ཡིན་ཡང་ཁེར་རྐྱང་བསྡད་ན་བསེ་རུ་ལྟ་བུའི་རང་སངས་རྒྱས་བཞིན་ཚོར་བ་མེད་པ་དངོས་ཡོད་གནས་ཚུལ་ཡིན་ཚུལ། ཆོས་ཀྱི་སྐད་ཆ་བཤད་མ་དགོས་པར་མིའི་སྤྱི་ཚོགས་ནང་ཡོད་པ་ཡིན་ཕྱིན་ཆད་ལ་གཞན་ཕན་གྱི་བློ་དགོས་པ་གལ་ཆེ་བ་དང་དེ་ཆོས་ལུགས་ཚང་མས་ཀྱང་གསུང་གི་ཡོད་པར་གསུངས་སོང་།

རང་གཞན་གྱི་ཆོས་ལུགས་ལ་དད་གུས་བྱེད་སྟངས་སྐོར་ལ། ཆོས་ལུགས་ཚང་མས་བྱམས་བརྩེ་ཡར་རྒྱས་གཏོང་གི་ཡོད་པས་དད་པ་དེ་སོ་སོའི་ཆོས་ལུགས་ལ་བྱས། གུས་པ་དེ་གཞན་གྱི་ཆོས་ལུགས་ལ་བྱེད་དགོས་ཚུལ་སོགས་གསུངས། དེ་བཞིན་ཆོས་འཆད་ཉན་གནང་ཚུལ་སྐོར་ལ་བཀའ་སློབ་གནང་དོན། དེ་རིང་ཆོ་འཕྲུལ་སྨོན་ལམ་དུས་སྟོན་ལ་བཅོམ་ལྡན་འདས་དྲན་གསོ་གཏོང་རྒྱུའི་བཟོ་འདྲ་སྐྱེས་རབས་གསུང་གི་ཡོད་པས་ཆོས་འཆད་པ་པོའི་ངོས་ནས་ཀུན་སློང་རྣམ་པར་དག་པ་ཞིག་དང་། ཆོས་ཉན་པ་པོའི་ངོས་ནས་ཀུན་སློང་རྣམ་པར་དག་པས་ཉན་ན་ཆོས་ཉན་པའི་ཕན་ཡོན་ཡག་པོ་ཡོད་པ་དང་། དེ་མིན་ཀུན་སློང་རྣམ་པར་དག་པ་མེད་པར་འཇིག་རྟེན་ཆོས་བརྒྱད་དང་དེ་འདྲའི་ཐོག་ཆོས་ཉན་ན། ཆོས་ཉན་བཤད་གཉིས་ཀར་གནད་དུ་སོང་བ་ཞིག་ཡོང་གི་མིན་ཚུལ་སོགས་གསུངས་ཏེ་སྐྱེས་རབས་གསུང་ཆོས་དངོས་དབུ་བཙུགས་གནང་སོང་།

དེའི་རྗེས་ནས་བློ་སྦྱོང་ཚིགས་བརྒྱད་མ་དང་རྟེན་འབྲེལ་བསྟོད་པའི་གསུང་ཆོས་གནང་བ་དང་། མཇུག་དེར་ད་བར་མི་རབས་དང་མི་རབས་ནས་དཀའ་ལས་རྒྱག་མཁན་རྣམ་པ་གཙོ་བོར་བྱས་པའི་ད་ལྟའི་བཀའ་བློན་དང་གྲོས་ཚོགས་བཅས་ཀྱིས་ཕྱག་ལས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་། དེ་བཞིན་གཞུང་ཆེན་ཁག་ལ་སློབ་སྦྱོང་གནང་མཁན་རིས་མེད་ཀྱི་གདན་ས་ཁག་ལའང་བསྔགས་བརྗོད་དང་མུ་མཐུད་ཧུར་ཐག་གནང་དགོས་པའི་སྐུལ་མ་གནང་སོང་།

ཆོ་འཕྲུལ་དུས་ཆེན་ནི་བདག་ཅག་གི་སྟོན་པས་རྒྱ་གར་གྲོང་ཁྱེར་ཆེན་པོ་གཉན་ཡོད་དུ་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་དང་། གནག་ལྷས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་ཅན། སོགས་དང་ཚེས་༡ ནས་༡༥ བར་རྫུ་འཕྲུལ་འགྲན་ནས་ཚེས་༡༥ ཉིན་མུ་སྟེགས་པའི་སྟོན་པ་དྲུག་པོ་འཁོར་དང་བཅས་པ་ཚར་བཅད་པའི་དུས་ཆེན་ཞིག་ཡིན་པ་དང་སྟོན་པའི་དུས་ཆེན་རྣམ་བཞིའི་ནང་ནས་དང་པོ་དེ་ཡིན་པ་རེད། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རབ་བྱུང་བདུན་པའི་ས་གླང་༼ཕྱི་ལོ་༡༤༠༩༽ལོར་རྗེ་ཙོང་ཁ་ཆེན་པོས་ཆོ་འཕྲུལ་དུས་ཆེན་དང་སྟབས་བསྟུན་ཏེ་བོད་ཟླ་༡ པོའི་ཚེས་༣ ནས་ཚེས་༡༥ བར་ལྷ་ལྡན་དུ་སྨོན་ལམ་ཆེན་མོ་འཚོགས་པའི་སྲོལ་གཏོད་པ་ཡིན་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༩༨༤ ཀློག་གྲངས།