ཐའེ་ཝན་གྱིས་མང་གཙོ་ལ་གནོད་པའི་གྲོས་མཐུན་ངོས་ལེན་བྱེད་མི་སྲིད་ཟེར།

རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཐའེ་གོ་མིན་ཏང་སྲིད་དོན་ཚོགས་པས། གལ་ཏེ་ཚོགས་པ་དེར་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། རྒྱ་ནག་དང་ཞི་བའི་གྲོས་མཐུན་འཇོག་རྒྱུ་ཡིན་སྐོར་བརྗོད་པར། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིང་ཝེན་གྱིས། ཐའེ་ཝན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མང་གཙོ་ལ་གནོད་པའི་གྲོས་མཐུན་ཞིག་ངོས་ལེན་བྱེད་མི་སྲིད་སྐོར་བརྗོད་འདུག

ཟླ་༢ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གིས་ཐའེ་ཝན་ལ་རྒྱལ་སྤྱིའི་ནང་ནས་ཟུར་ཕུད་གཏོང་ཐབས་དང་རྒྱལ་ཁབ་དེ་རྒྱ་ནག་འོག་ཏུ་ཕྱིར་ལོག་བྱེད་པའི་གནོན་ཤུགས་དང་སྡིགས་བསྐུལ་བྱེད་བཞིན་པའི་སྐབས་དེར། ཐའེ་ཝན་གྱི་རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་སྲིད་དོན་ཚོགས་པས། གལ་ཏེ་ལོ་རྗེས་མའི་སྲིད་འཛིན་འོས་བསྡུ་ལ། སྲིད་དོན་ཚོགས་པ་དེར་རྒྱལ་ཁ་ཐོབ་ཚེ། རྒྱ་ནག་དང་ཞི་བའི་གྲོས་མཐུན་འཇོག་རྒྱུ་ཡིན་སྐོར་བརྗོད་འདུག་པས། ཐའེ་ཝན་སྲིད་འཛིན་ཚེ་དབྱིང་ཝེན་གྱིས་ལན་འདེབས་སུ། ཐའེ་ཝན་མི་མང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མང་གཙོ་ལ་གནོད་པའི་གྲོས་མཐུན་གཅིག་ལ་ངོས་ལེན་བྱེད་མི་སྲིད་པ་དང་། ཞི་བདེ་དངོས་གནས་དེ་རྒྱ་ནག་གིས་བཙན་ཤུགས་ཐོག་ནས་ཐའེ་ཝན་དེ་རྒྱ་ནག་གི་དབང་འོག་ཏུ་བསྡུ་ཐབས་བྱེད་རྒྱུ་མཚམས་འཇོག་བྱས་ཚེ་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག

ཐའེ་ཝན་ནང་ལོ་རྗེས་མའི་སྲིད་འཛིན་འོས་བསྡུར་རྒྱ་ནག་གིས་བརྒྱུད་སྐུལ་བྱས་ཏེ། ལྕམ་ཚེ་དབྱིང་ཝེན་གྱི་མང་གཙོ་ཡར་ཐོན་ཚོགས་པ་ཕམ་ཐབས་བྱེད་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་ཁར། ལོ་སྔོན་མར་སྲིད་དོན་ཚོགས་པ་དེར་ཐའེ་ཝན་གྱི་མངའ་སྡེ་དང་ས་གནས་ཁག་གི་འོས་བསྡུར་ཕམ་ཁ་ཆེན་པོ་བྱུང་ནས། ལྕམ་ཚེ་དབྱིང་ཝེན་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ནས་དགོངས་པ་ཞུ་དགོས་ཁེལ་ཡོད་པ་རེད་དེ། ཁོང་གིས་ཉེ་ཆར་བརྒྱུད་ལམ་ཞིག་གི་བཅར་འདྲི་ལ། སྲིད་འཛིན་ལས་ཁུར་བ་ཞིག་གིས་རྒྱལ་ཁབ་ཆེད་དུ་ལས་དོན་མང་བ་བྱེད་འདོད་དང་། སོ་སོའི་དམིགས་ཡུལ་རྣམས་སྒྲུབ་འདོད་ཡོད་པ་རང་བཞིན་ཡིན་པ་ལྟར། རྒྱ་ནག་གི་གནོན་ཤུགས་དང་ཁོང་ལ་རྒྱབ་སྐྱོར་མང་ཉུང་ལ་མ་ལྟོས་པར། ཕྱི་ལོ་༢༠༢༠ ལོའི་སྲིད་འཛིན་འོས་བསྡུར་འོས་འགྲན་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཐོབ་པའི་ནུས་པ་ཡོད་པར་གདེང་ཚོད་ཡོད་སྐོར་བརྗོད་འདུག

ལོ་སྔོན་མར་ལྕམ་ཚེ་དབྱིང་ཝེན་གྱིས་སྲིད་དོན་ཚོགས་པར་མངའ་སྡེ་དང་ས་གནས་ཁག་གི་འོས་བསྡུར་ཕམ་ཁ་ཆེན་པོ་བྱུང་ནས། ཐའེ་ཝན་ནང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་བཞིན་པ་གསལ་པོ་ཆགས་ཡོད་ཀྱང་། ཕྱི་ལོ་༢༠༡༩ ལོའི་འགོ་སྟོད་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས། ཐའེ་ཝན་རྒྱ་ནག་གི་མངའ་འོག་ཏུ་འཛུལ་རྒྱུ་དེ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཁར། དེ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ཡིན་པ། དེ་བཞིན་ཐའེ་ཝན་དང་རྒྱ་ནག་གཅིག་ཏུ་བསྒྲིལ་ཆེད་དྲག་པོའི་ཐབས་ལམ་ལ་འཇུག་དགོས་ཚེ་དེ་ལྟར་བྱེད་རྒྱུ་ཡིན་སྐོར་བརྗོད་པར། ལྕམ་ཚེ་དབྱིང་ཝན་གྱིས་ཐའེ་ཝན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཟེར་བ་དེར་ཁས་ལེན་བྱེད་ཀྱི་མེད་པ་དང་། ཐའེ་ཝན་མི་མང་ཕལ་ཆེ་བས་སྲིད་བྱུས་དེར་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་སྐོར་བརྗོད་ནས། ཐའེ་ཝན་དང་ཕྱོགས་གཉིས་གྲོས་མོལ་བྱེད་རྒྱུའི་འདོད་པ་ཡོད་ཀྱང་། དེ་ཡང་ཐའེ་ཝན་དེ་མང་གཙོའི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་བྱེད་རྒྱུ་ཡིན་སྐོར་གྱི་ལན་འདེབས་བྱས་ཏེ། རྒྱ་ནག་གི་གནོན་ཤུགས་དང་སྡིགས་བསྐུལ་ལ་ཁ་གཏད་བཅག་ཡོད་པས། ཐའེ་ཝན་དང་རྒྱལ་སྤྱིའི་ནང་ཁོང་ལ་རྒྱབ་སྐྱོར་དང་ཡི་རངས་བྱེད་མཁན་མང་དུ་ཕྱིན་ཡོད་པས། ལོ་རྗེས་མའི་སྲིད་འཛིན་འོས་བསྡུར་ཁོང་ལ་རྒྱལ་ཁ་ཐོབ་པའི་ངེས་པ་ཡོད་པ་ཞིག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༩༢ ཀློག་གྲངས།