ཁྱིམ་ཚང་གི་ངོས་ནས་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཐུབ་བམ།

བསྟན་འཛིན་པདྨ། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༡ ཉིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ ཉིན་ནང་ཆེན་རྫོང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་མི་རིགས་ཆོས་ལུགས་ལས་ཁུངས་ཐུན་མོང་ནས་ཡིག་ཨང་ ༡༢༡ ཅན་གྱི་བརྡ་ཐོ་ཞིག་སྤེལ་ཡོད་པ་དེའི་འགོ་བརྗོད་དུ་༼དགོན་པས་ཁྲིམས་འགལ་གྱི་སྒོ་ནས་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ་འགོག་སྲུང་སྐོར་གྱི་མྱུར་ཚབས་བརྡ་ཐོ།༽ ཞེས་བྲིས་ཡོད་པ་དེའི་ནང་དོན་གཙོ་བོ་ནི། སློབ་གྲྭའི་དགུན་ཁའི་གུང་སེང་སྐབས་སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་སླད་དགོན་སྡེ་ཁག་འགའ་ཤས་ནས་མ་བསྐུལ་དང་བླངས་ཀྱིས་ཟུར་ཁྲིད་འཛིན་གྲྭ་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཟུར་ཁྲིད་འཛིན་གྲྭ་གོ་སྒྲིག་ཞུ་ཡི་ཡོད་པ་དེ་དག་བྱ་མི་ཆོག་པའི་ཉེན་བརྡ་བཏང་ཡོད། མདོར་ན། ལས་ཁུངས་དེ་གཉིས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་པ།  “མི་རིགས་སོ་སོར་རང་ཉིད་ཀྱི་སྐད་ཆ་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད། ཚང་མ་ལ་རང་ཉིད་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་ཡང་ན་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད།” ཅེས་འཁོད་ཡོད་པ་དེ་རྩིས་མེད་རྡོག་རོལ་གཏོང་གི་ཡོད། ལས་ཁུངས་དེ་གཉིས་ལ་སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་བ་བརྒྱུད་ནས་ས་གནས་ཀྱི་གནས་སྟངས་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་བསམ་བློ་དང་སེམས་ཤུགས་མེད་པ་དེས་འགོ་ཁྲིད་ཀྱི་ཁྱད་ཆོས་ཚང་མེད་པ་སྨོས་ཅི་དགོས། ནང་ཆེན་རྫོང་གི་ལས་ཁུངས་དེའི་བྱབ་ཆུང་གི་བརྡ་ཐོ་དེ་མཐོང་དུས་རང་ཉིད་ལ་ཚོར་བ་ཇི་བྱུང་དེ་རིང་འདིར་བརྗོད་འདོད་བྱུང་།
རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་འགའ་ཤས་ཀྱིས་འདས་པའི་ཉམས་མྱོང་ནས་སློབ་གསོ་ལེན་མི་ཐུབ་པའི་སྐྱོན་འདུག དམ་དྲག་ག་ཚོད་བྱས་ཀྱང་དེར་གདོང་ལེན་གྱི་ཚོར་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་ཆོས་ཉིད་རེད། དཔེར་ན། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བཀྲ་ཤིས་དབང་ཕྱུག་ལགས་ནས་སྐད་ཡིག་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་བར་ཁོང་བཙོན་འཇུག་བྱས་ནས་ལོ་གྲངས་གསུམ་ལྷག་ཕྱིན་ཡོད་ཀྱང་། ཁོང་གི་བཙོན་འཇུག་ལ་བརྟེན་ནས་བོད་ཕྱི་ནང་གང་སར་སྐད་ཡིག་ཐོག་ལས་འགུལ་མང་དུ་ཕྱིན་ཡོད་པ་དང་གདོང་ལེན་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་པ་མངོན་གསལ་རེད། འོན་ཀྱང་ཁོ་ཚོས་ད་དུང་མུ་མཐུད་དམ་དྲག་བྱེད་ཀྱི་ཡོད་ལ། བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་རྩ་མེད་བཟོ་ཆེད་ཁོ་ཚོས་ཆོས་དང་རིག་གཞུང་སྐད་ཡིག་ལ་སོགས་པ་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་བཀག་འགོག་དང་དམ་དྲག་ཇི་ཙམ་བྱས་ཀྱང་། དེར་གྲངས་ཉུང་མི་རིགས་ཚོས་ཀྱང་གདོང་ལེན་མུ་མཐུད་ཅིང་ངར་ཤུགས་ཆེ་རུ་གཏོང་བཞིན་ཡོད་པས། མི་རིགས་སོ་སོའི་ངོ་བོ་མ་བརླག་པའི་འབད་བརྩོན་ཡང་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་ཡོད་པ་མངོན་གསལ་རེད། རྒྱ་གཞུང་གི་འགོ་ཁྲིད་འགའ་ཤས་ཀྱི་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་དམ་དྲག་བྱེད་སྟངས་ལ་བརྟེན་ནས་ཤུགས་མ་ཐུབ་ཀྱིས་བོད་མི་རྩམ་ཟན་ང་ཚོའི་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་སེམས་ཤུགས་སྔར་ལས་ལྷག་པ་དང་ཆེ་རུ་གཏོང་གི་ཡོད་པས། སེམས་ཤུགས་མུ་མཐུད་གནས་ཐབས་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ང་ཚོ་རྩམ་ཟན་པ་ཚོ་སོ་སོའི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུར་རྒྱུ་ནོར་ལོངས་སྤྱོད་དང་མཚོན་ཆ་སོགས་གང་ཡང་མི་དགོས་པར་ཆོད་སེམས་དང་འབད་བརྩོན་གཉིས་ཡོད་ན་འགྲིག་འདུག་སྙམ། ངའི་ཁྱིམ་ཚང་ལ་མཚོན་ན། ངེད་ཁྱོ་ཤུག་གཉིས་ལ་གཅེས་ཕྲུག་གསུམ་ཡོད་ལ། ཕ་མ་བྱིངས་ལྟར་འདས་པའི་ལོ་གྲངས་བཅུ་ལྷག་ཙམ་ནས་ཕྲུ་གུ་གསོ་སྐྱོང་སྐབས་བྱིས་པའི་ལུས་ངག་ཡིད་གསུམ་གྱི་འཚར་ལོངས་ལ་དོ་སྣང་གང་ཐུབ་བྱས་དང་བྱེད་བཞིན་ཡོད་ཅིང་། དེའི་ནང་ནས་གཅིག་ཕྲུ་གུའི་སྐད་ལ་དོ་སྣང་གང་ཐུབ་བྱེད་ཀྱི་ཡོད།
ངེད་བཟའ་ཚོ་གཉིས་ལ་མཚོན་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་སྐད་ཡིག་གི་ཁོར་ཡུག་འདི་ཉིད་ནས་འཚར་ལོངས་བྱུང་ཞིང་། ང་ཚོའི་ར་མ་ལུག་གི་སྐད་ཆ་དེ་ཉིད་བོད་རིགས་ས་ཡ་དྲུག་ནས་རྒྱ་གར་དུ་བཙན་བྱོལ་ནང་ཡོད་པའི་འབུམ་གཅིག་དང་ཕྱེད་ཀ་ཙམ་གྱིས་མ་གཏོགས། གཞིས་ལུས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཆ་ཚང་གོ་མི་ཐུབ་པ་མ་ཟད། ཕྱི་རྒྱལ་དུ་སྐྱེས་ནས་འཚར་ལོངས་བྱུང་བའི་ཨིན་སྐད་རྐྱང་པ་ཤེས་མཁན་ཚོས་ཀྱང་ཆ་ཚང་གོ་མི་ཐུབ་པའི་སྐྱོན་ཆ་ཡོད་པ་འདི་སྤྱི་ཚོགས་ནང་མངོན་གསལ་ཆགས་ཡོད། དེར་བརྟེན་ངེད་གཉིས་ཀྱིས་ཁོར་ཡུག་དེའི་ཁ་གཏད་དུ་ལངས་ནས་སོ་སོའི་བུ་ཕྲུག་གསུམ་ལ་བོད་དྲི་ཁ་བའི་བོད་མི་ཞིག་བཟོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པའི་ཁུལ་ཡིན། འོན་ཀྱང་ཆུང་དུས་ཕྲུ་གུའི་དུས་ཚོད་མང་བ་ཁྱིམ་ཚང་ནང་དུ་གཏོང་གི་ཡོད་པས་ཏོག་ཙམ་ལས་སླ་པོ་ཡོད་ཀྱང་། རིམ་པས་སྤྱི་ཚོགས་ནང་སིམ་འགྲོ་དུས་སྤྱི་ཚོགས་ཀྱི་ཁོར་ཡུག་ཀྱང་ཕྲུ་གུའི་འཚར་ལོངས་ལ་གལ་ཆེན་པོ་ཡིན་པ་ཚོར་གྱི་འདུག དེར་བརྟེན། དུས་ཐུང་ཞིག་གི་ནང་སྤྱི་ཚོགས་ཡོངས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་མི་ཐུབ་ཀྱང་། ཁྱིམ་ཚང་རེ་རེ་ནས་འབད་བརྩོན་གྱིས་དང་ཐོག་ཕ་སྐད་གཙང་མའི་ཁོར་ཡུག་ལྡན་པའི་ཁྱིམ་ཚང་ཞིག་དང་རིམ་པས་ཕ་སྐད་གཙང་མའི་ཁོར་ཡུག་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ཐབས་ལ་འབད་བརྩོན་གནང་ན་ཅི་མ་རུང་།

ང་ཚོའི་འབད་བརྩོན་ཞུ་སྟངས་ནི། གཅེས་ཕྲུག་དང་པོ་བུ་མོ་བསྟན་འཛིན་འཆི་མེད་ལ་མཚོན་ན། མོ་རང་མ་འབྱར་ནས་བཟུང་རྣ་བར་བོད་སྐད་ཁོ་ན་གོ་བའི་ཁོར་ཡུག་སྟེ། བུ་མོར་བོད་སྐད་གཙང་མའི་ནང་སྐད་ཆ་བཤད་པ་དང་། ཞལ་འདོན་སྐྱོར་བ། བོད་གཞས་བཏང་བ་སོགས་བྱས། དེ་ནས་བུ་མོ་ཏོག་ཙམ་ཆེན་པོ་ཆགས་དུས་གཡས་གཡོན་དུ་བོད་ཡིག་ཐོག་ཡོད་པའི་གྱང་སྦྱར་དང་དཔེ་དེབ་སོགས་དང་། རིམ་པས་རང་ལོ་གསུམ་ཙམ་ནས་མཚམས་རེར་བྱིས་པའི་བརྙན་ཐུང་བསྟན་པ་དེ་དག་ཀྱང་བོད་སྐད་ཐོག་ཡོད་པ་ཤ་སྟག་རེད། རང་ལོ་གསུམ་ལ་སླེབས་དུས་བླ་མའི་དྲུང་ནས་ཡི་གེ་འགོ་འབྱེད་ཞུས། མདོར་ན་བྱིས་པ་ཁ་མ་གྲག་བར་དུ་རྣ་བར་བོད་སྐད་གཙང་མའི་ཁོར་ཡུག་བསྐྲུན་པ་དང་། རིམ་པས་མིག་གི་བལྟ་ཐུབ་ཙམ་ནས་བཟུང་བོད་ཡིག་རྐྱང་པ་བལྟ་རུ་བཅུག་པ་དང་། དེ་ནས་རིམ་པས་སྐད་ཆ་ཤོད་རྒྱུ་དང་། ཀློག་རྒྱུ། འབྲི་རྒྱུ་སོགས་སྐད་ཡིག་སྦྱོང་རྒྱུའི་རྩལ་བཞི་པོ་མཐའ་དག་བོད་ཀྱི་སྐད་ཡིག་ཁོ་ནས་རྨང་གཞི་བཏིངས་ཏེ། ཕྲུ་གུ་རང་ལོ་བརྒྱད་དམ་འཛིན་གྲྭ་གསུམ་པ་བར་བོད་སྐད་དང་བོད་ཡིག་མ་གཏོགས་སྐད་ཡིག་གཞན་གྱི་ཡིག་འབྲུ་ཙམ་ཡང་ངོ་སྤྲོད་བྱས་མེད།

འོན་ཀྱང་མོ་རང་འཛིན་གྲྭ་བཞི་པར་སླེབས་དུས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་ལྟར་ཨིན་ཡིག་སྦྱོང་འགོ་བཙུགས་ཤིང་། ཨིན་ཡིག་དབྱངས་གསལ་འབྲི་ཀློག་ཤེས་པར་བདུན་ཕྲག་གཅིག་ཀྱང་འགོར་མ་སོང་། ཟླ་གྲངས་གཉིས་གསུམ་ནས་ཨིན་ཡིག་ཚིག་སུམ་བརྒྱ་ལྷག་ཤེས་འགོ་ཚུགས། ལོ་མཇུག་ཏུ་སྒྲུང་དེབ་རིམ་པ་དང་པོ་དང་གཉིས་པའང་གང་ལེགས་ཀློག་ཐུབ་པ་ཆགས་ཡོད། ད་ལྟ་བུ་མོ་རྒན་པ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་དྲུག་པར་འགྲོ་མཁན་ཡིན་ལ། ཕ་སྐད་ཐོག་ལ་རྨང་གཞི་གང་ཐུབ་བཙུགས་པ་ལ་བརྟེན་ནས་ད་ལྟའང་བོད་ཡིག་ཀློག་རྒྱུ་དང་། བོད་པའི་ལྟད་མོ་བལྟ་རྒྱུ། བོད་གཞས་འཁྲབ་རྒྱུ་དང་གཏོང་རྒྱུ་སོགས་ལ་དགའ་མོས་མུ་མཐུད་གནས་ཡོད་ལ། མོ་ནི་ད་ལྟ་བོད་ཨིན་གཉིས་ཀ་འཛིན་གྲྭའི་ནང་ནས་གྲལ་འགོར་ཚུད་ཀྱི་ཡོད།

ངེད་གཉིས་ཀྱི་བུ་མོ་འབྲིང་བ་བསྟན་འཛིན་ཀུན་བཟང་རང་ལོ་དྲུག་གི་བར་དུ་ཁྱིམ་ཚང་ནས་བསྐྲུན་པའི་བོད་པའི་སྐད་ཡིག་གི་ཁོར་ཡུག་ནང་འཚར་ལོངས་གང་ལེགས་བྱུང་ཡོད་ཀྱང་། མོ་རང་འཛིན་གྲྭ་དང་པོར་སླེབས་དུས་གཅེན་མོ་དང་ལྷན་དུ་བོད་ཨིན་གཉིས་ཀའི་སྒྲུང་དེབ་དང་གློག་བརྙན་བལྟས་ནས་གཉིས་ཀར་དགའ་མོས་སླེབས་རུང་། མོར་བུ་མོ་ཆེ་བས་ཨིན་ཇི་སྦྱོང་བའི་ཁོར་ཡུག་མཐོང་བ་ལ་བརྟེན་ནས་གྱོང་ཏོག་ཙམ་བྱུང་སོང་བསམ་གྱི་འདུག འོན་ཀྱང་མོ་རང་པར་རིས་ལྟ་ཀློག་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་ཙང་། གཅེན་མོའི་ཨིན་ཇིའི་སྒྲུང་དེབ་མང་ཆེ་བའི་པར་རིས་ལ་བལྟས་ནས་སྒྲུང་གང་འཚམས་ཤོད་ཐུབ་པའི་ཁེ་ཕན་བྱུང་སོང་། ནང་དུ་ཕྲུ་གུའི་ཆེད་གཟའ་མཇུག་རེས་གཟའ་སྤེན་པ་དང་ཉི་མའི་ཉིན་ཆུ་ཚོད་རེ་རེ་ཙམ་བརྙན་འཕྲིན་བལྟ་རུ་འཇུག་གི་ཡོད། དེ་མིན་གྱི་དུས་ཚོད་མང་བ་གཅེན་གཅུང་གཉིས་མཉམ་དུ་བོད་གཞས་ཉན་པ་དང་། བོད་གཞས་འཁྲབ་པ། བོད་སྐད་ནང་རང་མོས་གཏམ་བརྗོད་འཁྲབ་པ། བོད་སྐད་ཐོག་བཅར་འདྲི་རིགས་དང་ལབ་གླེང་བྱེད་པ། སྒྲ་སྙན་དང་གླིང་བུ་གཏོང་བ། སྒྲིག་བཟོ་དང་རྩེད་མོའི་རིགས་རྩེ་བ་སོགས་བྱེད་ཀྱི་ཡོད།

བུ་མོ་རྒན་པ་གཉིས་ཀྱི་རྒྱུན་གཏན་བྱེད་སྒོ་འདི་ཚོའི་ནང་བུ་མོ་ཆུང་བ་བསྟན་འཛིན་ལྷ་སྒྲོན་གྱིས་ཀྱང་མཉམ་ཞུགས་ཀྱིས་རང་ལོ་གཅིག་དང་ཕྱེད་ཀ་ཙམ་ནས་སྐད་ཆ་གང་ལེགས་མགོ་འཚོས་ཐུབ་པ་ཆགས་པ་མ་ཟད། ད་ལྟ་རང་ལོ་གཉིས་མ་ཟིན་ཀྱང་བོད་ཚིག་མི་ཉུང་བ་ཤོད་ཐུབ་ཀྱི་ཡོད་པ་དེའང་ཁྱིམ་ཚང་གི་སྐད་ཡིག་གི་ཁོར་ཡུག་དེའི་ཁེ་ཕན་ཡིན་པར་སྙམ།

ད་ལོའི་བོད་ཀྱི་ལོ་གསར་སྐབས་ངོས་ཀྱི་སྲུ་མོ་དང་ཁོང་གི་ནང་མི་ཡོངས་དང་ལྷན་འཛོམས་བྱུང་བའི་སྐབས། སྲུ་མོའི་གཟའ་ཟླས་ད་རེས་ང་ཚོའི་ཁྱིམ་ཚང་དུ་བདུན་གཅིག་ལྷག་ཙམ་སྡོད་སྐབས་བོད་ནང་དུ་ཡོད་པའི་ཚོར་སྣང་བྱུང་སོང་གསུངས་སོང་བར་ང་རང་དགའ་པོ་ཞེ་དྲག་བྱུང་།
མདོར་ན། སྤྱི་བའི་ཁེ་ཕན་བསམ་ནའང་རེད། སྒེར་གྱི་ཁེ་ཕན་བསམ་ནའང་རེད། གང་ལྟར་བྱིས་པ་ཆུང་དུས་ནས་གསོ་སྐྱོང་བྱ་ཡུལ་བོད་སྐད་གཙང་མའི་ཁོར་ཡུག་བསྐྲུན་རྒྱུ་དེ་གནད་འགག་ཞིག་རེད་འདུག་ལ། དེས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་པ་མ་ཟད། བྱིས་པ་རང་ཉིད་ཀྱི་སོ་སོའི་ངོ་བོ་མ་བརླག་པར་རང་གི་ཕ་སྐད་ཀྱི་རྨང་གཞི་བརྟན་པོ་བཟོ་ཐུབ་པ་དང་། དེ་ལ་བརྟེན་ནས་སྐད་ཡིག་གཉིས་པའང་མྱུར་པོ་དང་ལས་སླ་པོའི་ངང་ཤེས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་གི་འདུག

རྒྱུ་མཚན་དེ་ལ་བརྟེན་ནས་དེ་རིང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཐེངས་ཉི་ཤུ་པའི་ཉིན་དང་སྟབས་བསྟུན་ནས། རང་གི་ཕ་སྐད་ཀྱི་རྩ་བ་བརྟན་པོ་བཙུགས་ཐུབ་ཚེ་སྤྱི་སྒེར་གཉིས་ཀའི་ལས་དོན་ཆེ་ཁག་བསྒྲུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་རང་གི་ཉམས་མྱོང་གི་ཐོག་ནས་ཤོད་ཀྱི་ཡོད་ལ།  རྩམ་ཟན་བོད་རིགས་སྤུན་ཟླ་ཡོངས་ནས་འབྱུང་འགྱུར་ལོ་ཤས་ནང་ལ་ཕ་སྐད་གཙང་མའི་སྤྱི་ཚོགས་ཡང་དག་པ་ཞིག་ཡོང་བར་ཁྱིམ་ཚང་རེ་རེ་ནས་ཆོད་སེམས་བརྟན་པོའི་ངང་འབད་བརྩོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ།།

 

Share this:
༡༤༥༨ ཀློག་གྲངས།