ཨ་རིའི་ནང་མི་མང་སྡེབ་གསོད་ཀྱི་འཆར་གཞི་སྒྲིག་མཁན་ཞིག་འཛིན་བཟུང་།

ཨ་རིའི་ནང་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས། མི་མང་སྡེབ་གསོད་ཀྱི་གནད་དོན་མང་པོ་ལྷག་བཞིན་པ་ལྟར། ཐེངས་འདིར་བདེ་སྲུང་མི་སྣ་ཞིག་གིས་མི་མང་སྡེབ་གསོད་དང་། དེ་བཞིན་ལྕམ་ནན་སི་པི་ལོ་སི་གཙོས་མང་གཙོ་ཚོགས་པའི་མཐོ་རིམ་མི་སྣ་དང་གསར་འགོད་པ་ཁག་ཅིག་གསོད་རྩིས་ཡོད་འདུག་ཀྱང་། ཉེན་རྟོག་པས་མི་དེ་འཛིན་བཟུང་ཐུབ་འདུག

ཟླ་༢ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་ཨ་རིའི་མཚོ་ཁ་སྐོར་སྲུང་རུ་ཁག་གི་དབུས་ལས་ཁུངས་སུ། རང་ལོ་༤༩ ཡིན་ཁར་གོ་གནས་རིམ་པ་གཉིས་པ་ཡིན་པའི་མཚོ་ཁ་སྐོར་སྲུང་པ་པཱོལ་ཧེ་སོན་གྱིས། མཚོན་ཆ་དང་ཁྲིམས་འགལ་གྱི་བཟི་སྨན་མང་པོ་ཞིག་གསོག་ཉར་བྱས་ཡོད་པ་རྙེད་སོན་བྱུང་ཡོད་ཁར། མཚོན་ཆ་དེ་དག་ལ་བརྟེན་ནས་ཨ་རིའི་ནང་མི་མང་སྡེབ་གསོད་ཀྱི་འཆར་གཞི་བསྒྲིགས་ཡོད་པའི་དོགས་པའི་འོག་འཛིན་བཟུང་བྱས་འདུག

འཇུ་བཟུང་བྱས་པའི་མི་དེ་ནི་མི་རིགས་དཀར་པོ་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་ཞིག་ཡིན་ཁར། ཕྱི་ལོ་༢༠༡༧ ལོར་ཁོའི་གློག་འཕྲིན་གྱི་ཟིན་བྲིས་སུ། འཛམ་གླིང་ནང་གི་མི་ཚང་མ་གསོད་འདོད་ཡོད་པ་དང་། དེ་ལྟར་བྱེད་པར་ནད་ཡམས་ཀྱིས་གྲུབ་འབྲས་ཐོན་རྒྱུ་ཡིན་ཡང་། ནམ་ཡམས་ཁྱབ་སྤེལ་གཏོང་བའི་རྫས་རྣམས་ཇི་ལྟར་མཁོ་སྒྲུབ་བྱེད་དགོས་མིན་ཤེས་ཀྱི་མེད་པས། དེ་ཤེས་པ་བྱེད་རྒྱུ་ཡིན་སྐོར་བྲིས་ཡོད་འདུག

ཨ་རིའི་གཞུང་གི་ཁྲིམས་རྩོད་པས་མི་དེས་ཨ་རིའི་ནང་བྱུང་མྱོང་མེད་པའི་མི་ཉེས་མེད་ཕོན་ཆེན་གསོད་རྩིས་ཡོད་པས། ཁོ་ནི་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པ་ཞིག་ཡིན་སྐོར་བརྗོད་འདུག མི་དེས་མི་མང་སྡེབ་གསོད་དང་མཉམ་དུ། མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་གསོད་རྩིས་ཡོད་འདུག་པས། དེའི་ཁོངས་སུ་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་དང་། གྲོས་ཚོགས་གོང་མའི་ནང་མང་གཙོ་ཚོགས་པའི་འགོ་ཁྲིད་ཆཱག་ཤུ་མེར། དེ་བཞིན་གསར་འགོད་པ་གཉིས་བཅས་ཡོད་འདུག

ཉེན་རྟོག་པས་མི་དེའི་ཁང་པ་ནས་མེ་མདའ་མི་འདྲ་བ་ཁག་༡༥ དང་མདེའུ་ཆག་པ་༡༠༠༠། དེ་བཞིན་ཁྲིམས་འགལ་གྱི་བཟི་སྨན་མང་པོ་རྙེད་སོན་བྱུང་འདུག་པ་དང་། ཁོས་ཕྱི་ལོ་༢༠༡༡ ལོར་ཡུ་རོབ་ནོར་ཝེ་རྒྱལ་ཁབ་ནང་མི་ཞིག་གིས་རླངས་འཁོར་ནང་འབར་རྫས་བཞག་སྟེ་མི་༨ བསད་པ་དང་། དེ་བཞིན་མེ་མདའ་བརྒྱབ་ནས་གཞོན་སྐྱེས་མང་བ་ཚུད་པའི་མི་གྲངས་༦༩ ལ་མེ་མདའ་བརྒྱབ་ནས་བསད་ཡོད་པའི་གནས་ཚུལ་དེ་ལས་སེམས་འགུལ་ཐེབས་ནས། དྲག་སྤྱོད་པ་དེའི་བསྒྲགས་གཏམ་ནས་མཚོན་ཆ་མཁོ་སྒྲུབ་དང་དམིགས་འབེན་བསྡུ་སྒྲིག་བྱེད་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཡོད་པ་རེད་འདུག

ཨ་རིའི་མཚོ་ཁ་སྐོར་སྲུང་པས་རུ་ཁག་གི་མི་ཞིག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་པ་ལས། ཞིབ་ཕྲ་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག
ཨ་རིའི་ནང་མེ་མདའ་ཁྱེར་ནས་མི་མང་སྡེབ་གསོད་ཀྱི་གནས་ཚུལ་མང་པོ་ལྷག་བཞིན་ཡོད་པ་དང་། དྲག་སྤྱོད་པ་མང་ཆེ་བ་མི་རིགས་དཀར་པོ་ཡིན་ཁར། ཨ་རིའི་ནང་མེ་མདའ་ཉོ་བར་དོ་བདག་དེའི་ལོ་རྒྱུས་དང་སེམས་ཀྱི་འཕྲོད་བསྟེན་སོགས་ལ་ཞིབ་འཇུག་བྱེད་དགོས་པའི་བསམ་ཚུལ་མང་པོ་སླེབས་ཡོད་ཀྱང་། མཚོན་ཆའི་ཚོང་ལས་ཁང་ཆེན་པོ་རྣམས་ཀྱི་གནོན་ཤུགས་སམ་ཞུ་གཏུག་ལས་འགུལ་ལ་བརྟེན་ནས། མེ་མདའི་དྲག་སྤྱོད་བཀག་འགོག་ཐད་གྲུབ་འབྲས་ཐོན་ཐུབ་ཀྱི་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༦༨༧ ཀློག་གྲངས།