ཝི་ཏི་ནམ་གྱིས་ཊོམ་དང་ཀེམ་གྱི་ལྷན་ཚོགས་ཆེད་གྲ་སྒྲིག་བྱེད་བཞིན་པ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་བར་གྱི་ལྷན་ཚོགས་ཐེངས་གཉིས་པ་དེ། ཟླ་༢ པའི་ཚེས་༢༧ ནས་༢༨ བར་ཝི་ཏི་ནམ་གྱི་རྒྱལ་ས་ཧཱ་ནོའི་ལ་འཚོགས་རྒྱུ་ཡིན་པ་ལྟར། གྲ་སྒྲིག་ཚགས་ཚུད་བྱེད་བཞིན་ཡོད་འདུག་པ་དང་། དེ་དང་མཉམ་དུ་ལྷན་ཚོགས་དེ་ལ་བརྟེན་ནས་ཝི་ཏ་ནམ་གྱི་དཔལ་འབྱོར་ལ་ཁེ་ཕན་ཡོང་ཐབས་ཀྱང་བྱེད་བཞིན་འདུག

ཟླ་༢ པའི་ཚེས་༢༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇི་ཛ་ར་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཝི་ཏི་ནམ་གྱི་རྒྱལ་ས་ཧཱ་ནོའི་ནང་གི་ཆང་ཁང་ཁག་ནང་། ཊོམ་དང་ཀེམ་གྱི་ལྷན་ཚོགས་དང་བསྟུན་ནས་བསྲེ་སྦྱོར་བྱས་པའི་ཆང་རག་གི་མིང་ནང་ཞི་བདེའི་གྲོས་མོལ་བར་བཅུག་བྱས་ཏེ་བཙོང་གི་ཡོད་པ་དང་། དུག་ལོག་ཚོང་ཁང་ཁག་ཏུ་ཊོམ་དང་ཀེམ་གྱི་གདོང་པར་ཡོད་པའི་སྟོད་ཐུང་བཙོང་གི་ཡོད་འདུག དེ་བཞིན་སྐྲ་བཟོ་བ་ཁག་ཅིག་གིས་ཊོམ་དང་ཀེམ་གྱི་སྐྲའི་བཟོ་བལྟ་རིན་མེད་ཐོག་ནས་བཟོ་ཡི་ཡོད་འདུག

ཝི་ཏི་ནམ་གྱི་རིག་གཞུང་དང་རྩེད་རིགས། ཡུལ་སྐོར་སྤྲོ་འཆམ་བཅས་ཀྱི་བློན་ཆེན་གྱིས། ཝི་ཏི་ནམ་ལ་ཊོམ་དང་ཀེམ་གྱི་ལྷན་ཚོགས་གོ་སྒྲིག་བྱེད་རྒྱུ་བྱུང་བ་དེས། རྒྱལ་སྤྱིའི་མིག་མདུན་དུ་རྒྱལ་ཁབ་དེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི། དེ་བཞིན་མཛའ་མཐུན་གྱི་མི་མང་། རིག་གཞུང་། སྙིང་སྟོབས་ཅན་གྱི་ལོ་རྒྱུས་སོགས་སྟོན་རྒྱུའི་གོ་སྐབས་ཐོབ་ནས། ཝི་ཏི་ནམ་རྒྱལ་ཁབ་དེ་ནི་ཡུལ་སྐོར་སྤྲོ་འཆམ་འགྲོ་ཡུལ་དང་མ་རྩ་འཇོག་ཡུལ་གྱི་ལྟེ་གནས་བདེ་འཇགས་ལྡན་པ་དང་ཡིད་དབང་འཕྲོག་པ་ཞིག་ཡིན་པའི་ཁྱབ་བསྒྲགས་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ལོ་སྔོན་མར་སིང་གྷ་པུར་གྱིས་ཊོམ་དང་ཀེམ་གྱི་ལྷན་ཚོགས་དང་པོ་གོ་སྒྲིག་བྱེད་ཆེད། རྒྱལ་ཁབ་དེའི་སྒོར་མོ་ས་ཡ་༡༤.༨ བཏང་ཡོད་པ་དང་། ཚུར་ལ་དེ་ལས་ལྡབ་༤༠ ལྷག་གིས་ཡོང་འབབ་བྱུང་ཡོད་འདུག ཝི་ཏི་ནམ་ལ་ཐེངས་འདིའི་ལྷན་ཚོགས་དེ་ལས་དངུལ་གྱི་ཁེ་ཕན་ཐོག རྒྱལ་སྤྱིའི་དོ་སྣང་སླེབས་རྒྱུའི་གོ་སྐབས་ནི་རིན་ཐང་བྲལ་བ་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱལ་སའི་ཁུལ་དུ་སྡོད་མཁན་མི་མང་རྣམས་ཀྱིས། ལྷན་ཚོགས་དེ་ལ་འབྲེལ་བའི་ཉིན་རེའི་གནས་ཚུལ་རྣམས་ལ་དོ་སྣང་དང་བགྲོ་གླེང་ཆེན་པོ་བྱེད་བཞིན་ཡོད་ཁར། རྒྱལ་སྤྱིའི་ཁྱོན་ཡོངས་ནས་ལྷན་ཚོགས་དེར་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། ཉེ་བའི་ལོ་ཤས་ནས་ཝི་ཏི་ནམ་གྱིས་རྒྱལ་སྤྱིའི་ལྷན་ཚོགས་ཁག་མང་པོ་ཞིག་གོ་སྒྲིག་བྱས་ཡོད་ཁར། ལོ་སྔོན་མར་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྒྱ་ཆ་༡༡ འཕར་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༩༣ ཀློག་གྲངས།