ཤི་རན་ཡང་གསོན་གྱི་རེ་འདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༩  ཕྱི་ལོ་ ༢༠༡༩/༢ /༢༠

ལོ་འདིར་ཕྱི་ལོ་༡༩༥༩ ལོར་ལྷ་སར་བོད་མི་རྣམས་ཀྱིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བ་དང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ཀྱང་གཅིག་མཚུངས་བཞིན་མི་ལོ་དྲུག་ཅུ་འཁོར་བ་རེད། ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་མང་པོ་ཞིག་སྦྲུལ་གྱི་མཇུག་མ་བཞིན་ཕྲ་ནས་ཕྲ་རུ་འགྲོ་བཞིན་ཡོད་པ་དང་། མི་མང་པོ་ཞིག་ཀྱང་རང་གི་སྒེར་དོན་ལས་སྤྱི་དོན་ལ་བསམ་བློ་གཏོང་མཁན་ཉུང་དུ་འགྲོ་བཞིན་ཡོད་པའི་དུས་ཚོད་ཅིག་ཡིན་ཡང་། ད་ལྟའི་ཆར་རྒྱ་དམར་གཞུང་གི་ངོས་ནས་དབུ་མའི་ལམ་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱེད་ས་རེད་སྙམ་པའི་མངོན་རྟགས་གང་ཡང་མེད་པ་མ་ཟད། ད་དུང་གནས་སྟངས་སྡུག་ཏུ་དང་རྣམ་འགྱུར་མཁྲེགས་སུ་འགྲོ་བཞིན་ཡོད་སྟབས། བཙན་བྱོལ་བོད་མིའི་མགོ་ཁྲིད་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱུན་ལས་རྣམ་པས་ཀྱང་། གླིང་སྒྲུང་ལས། རྒྱུ་མེད་ཀྱང་ཕྱུག་པོའི་འདུག་ཚུལ་དང་། ཤི་རན་ཡང་གསོན་གྱི་རེ་འདུན། ཞེས་པ་བཞིན་རེ་བ་མི་བརླག་པ་ཞིག་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད།

མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་ཡོང་དང་མི་ཡོང་གཙོ་བོ་རྒྱ་དམར་གཞུང་ལ་ཐུག་ཡོད་ཀྱང་། ཐག་གཅོད་མི་བྱེད་ཀ་མེད་ཀྱི་གནོན་ཤུགས་སྤྲོད་ཨེ་ཐུབ་བལྟ་དགོས་པ་ནི་བཙན་བྱོལ་བོད་མི་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་ཡིན། བཙན་བྱོལ་བོད་མིའི་མགོ་ཁྲིད་རྣམ་པས་རྒྱ་དམར་གཞུང་ལ་བསྟུན་མཁས་དང་བསྟོད་བསྔགས། ད་དུང་རྒྱ་གཞུང་གིས་ལས་དོན་མ་རུང་པ་བྱས་པ་ཁག་ཀྱང་འགྲིག་ཡོད་པ་ལྟ་བུའི་རྣམ་འགྱུར་བསྟན་བསྡད་ན་དོན་གྱིས་བོད་དོན་ཐག་གཅོད་བྱེད་པར་ཕན་ལས་གནོད་པ་ཆེ་བ་ཡོད། བོད་ནང་དུ་དམ་དྲག་དང་མནར་གཅོད་ག་ཚོད་བཏང་ནའང་། རྒྱ་དམར་གཞུང་ལ་གནོན་ཤུགས་གང་ཡང་མེད་པར་ལྷོད་ཤིག་གེར་སྡོད་རྒྱུ་བྱུང་ན་བོད་དོན་ཐག་གཅོད་བྱེད་དགོས་དོན་གང་ཡང་མེད། དེར་བརྟེན་དགོས་འདུན་ལམ་དབུ་མ་ཡིན་ཡང་། ཐབས་ལམ་བསྟུན་མཁས་ཁོ་ན་བེད་སྤྱོད་བཏང་བ་ནི། དོན་དུ་རྒྱ་གཞུང་གུ་ཡངས་བཏང་བ་ཞིག་དང་། ད་དུང་སྐབས་རེ་རྒྱ་གཞུང་ལ་བསྟོད་བསྔགས་ཀྱི་རྣམ་པ་ཐོན་པ་ནི། ཁྲམ་པ་ལ་དཔའ་དར་དང་། སྤྱང་ཀི་ལ་རྣ་ཚར་། ཞེས་ཧ་ཅང་མི་འོས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་ཡོད།

རྒྱ་དམར་གཞུང་ལ་རྒྱལ་སྤྱིའི་གནོན་ཤུགས་དང་། བོད་དོན་ལ་རྒྱབ་སྐྱོར་གྱི་ཐོག་ནས་ཐག་གཅོད་ཡོང་བའི་རེ་བ་རྒྱག་པ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འཆར་གཞི་གཙོ་བོ་ཞིག་ཡིན་ནའང་། བོད་པ་རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུ་ལས། ཁ་འབྲལ་རྒྱུ་མིན་པའི་ལངས་ཕྱོགས་བཟུང་ཡོད་པ་མ་ཟད། དེའི་སློབ་གསོ་དང་དྲིལ་བསྒྲགས་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གི་འོག་ཏུ་ཡོད་པ་དང་། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྱང་གོ་སྐབས་བྱུང་ན་རྒྱ་གཞུང་གི་འོག་ཏུ་འགྲོ་རྒྱུའི་ཐག་གཅོད་བྱས་ཡོད། དེའི་ཐོག་ནས་བལྟས་ན་བོད་དོན་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཁོ་ན་ཞིག་ཏུ་གྱུར་ཡོད་སྟབས། རྒྱལ་སྤྱིའི་ཐོག་ནས་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་སྐྱོར་ཅུང་ཙམ་རེ་རག་སྲིད་པ་ལས། ཆབ་སྲིད་ཀྱི་རྒྱབ་སྐྱོར་ཚད་མཐོན་པོ་ཞིག་ཡོང་རྒྱུའི་རེ་བ་དང་གོ་སྐབས་གཉིས་ཀ་མེད། ད་དུང་རྒྱ་གཞུང་ལ་བསྟུན་མཁས་བྱེད་འདོད་པའི་སྲིད་གཞུང་དག་ལ་སྟབས་བདེ་རུ་སོང་བ་དང་། རྒྱ་གཞུང་ལ་ཁ་གཏད་གཅོག་འདོད་པའི་སྲིད་གཞུང་དག་ལ་བོད་དོན་དེ་བེད་སྤྱོད་གཏན་ནས་མེད་པར་གྱུར་པ་རེད།

དེར་བརྟེན་བོད་དོན་ཆབ་སྲིད་ཀྱི་ཐོག་ལ་རྒྱ་ཆེ་ས་ནས་རྒྱལ་སྤྱིའི་ཁོར་ཡུག་ཏུ་ད་ལྟའི་ཆར་བོད་དོན་ལ་བཟང་ཕྱོགས་ཀྱི་གོ་སྐབས་ཆེན་པོ་ཞིག་གང་ཡང་མེད་ནའང་། བོད་པ་མི་རེ་ངོ་རེ་བཞིན་བོད་དོན་འཐབ་རྩོད་ཀྱི་བསམ་བློ་ཤུགས་ཆུང་དུ་འགྲོ་བཞིན་པ་ནི། བོད་དོན་གྱི་ཐོག་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དང་བསྡུར་ན་ལྡབ་མང་པོས་ཤུགས་རྐྱེན་ཆེ་བ་ཡོད། བོད་དོན་དེ་ཤིང་སྡོང་ཞིག་ལ་དཔེ་བཞག་ན་བོད་པ་རང་གི་སེམས་ཤུགས་དང་འབད་བརྩོན་ནི་ཤིང་སྡོང་གི་རྩ་བ་དང་འདྲ་ཞིང་། གཞན་གྱི་རྒྱབ་སྐྱོར་ནི་དེ་ལ་མཁོ་བའི་ཆུ་ལུད་དྲོད་གསུམ་དང་འདྲ་བས། རྩ་བ་སྐམ་ཟིན་པའི་རྗེས་སུ་ཆུད་ལུད་དྲོད་གསུམ་ལ་བརྟེན་ནས་ཤིང་སྡོང་གནས་ཐུབ་ཐབས་གཏན་ནས་མེད། རྩ་བ་བརྟན་པོར་གནས་ཡོད་ན་ཆུ་ལུད་དྲོད་གསུམ་འཛོམས་དང་མི་འཛོམས་ཀྱི་ཐོག་ནས་སྐྱེ་འཕེལ་ཆེ་ཆུང་ལ་ཤུགས་རྐྱེན་ཡོད་ནའང་། སྐབས་སོ་སོར་མཐུན་རྐྱེན་འཛོམས་པའི་གོ་སྐབས་ཀྱང་འཆར་ངེས་པ་རེད། གནད་དོན་འདིའི་ཐོག་ནས་ད་ལྟའི་ཆར་རྒྱལ་སྤྱིའི་རྒྱབ་སྐྱོར་ལས་ཀྱང་བོད་པ་རང་ངོས་ནས་འཐབ་རྩོད་རྒྱུད་འཛིན་གྱི་བསམ་བློ་བརླག་མི་རུང་བ་ནི་གལ་ཆེ་ཤོས་སུ་གྱུར་ཡོད།

མདོར་ན་གོང་དུ་བརྗོད་པ་བཞིན་ཤིན་ཏུ་གལ་འགངས་ཆེ་བའི་ལོ་འདིར་དང་པོ་ནང་གི་བསམ་བློ་རྒྱུད་འཛིན་དང་དར་སྤེལ་དགོས་པ་གལ་ཆེན་པོ་ཡིན་ཞིང་། རྒྱལ་སྤྱིའི་རྒྱབ་སྐྱོར་དེ་ཨང་གཉིས་པ་གསུམ་པར་བརྩི་ཆོག་པ་ཞིག་རེད། གལ་སྲིད་བོད་རང་བཙན་སླར་གསོའི་དམིགས་ཡུལ་ཡོད་པའི་དབང་དུ་བཏང་ན་རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་གལ་ཆེན་པོ་ཡིན་པ་དང་། བོད་པར་རང་བཙན་རག་དང་མི་རག་གཙོ་བོ་གཅིག་རྒྱལ་སྤྱིའི་ངོས་འཛིན་ལ་རག་ལས་པ་ཞིག་རེད། དབུ་མའི་ལམ་ལ་མཚོན་ན་དེ་ལྟ་བུ་མ་ཡིན་པར་བོད་པ་རང་ངོས་ནས་འཐབ་རྩོད་ཀྱི་བསམ་བློ་མི་བརླག་པའི་ཐབས་ཤེས་ཤིག་མེད་ན། རྒྱབ་སྐྱོར་གྱི་ཐོག་ལ་རེ་བ་ཆེན་པོ་རྒྱག་ཡུལ་གང་ཡང་མེད། ད་ཆ་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་སྐྱ་ཆད་སྔོ་སྡུག་གི་དུས་ཚོད་ཅིག་ཡིན་པ་དང་། མི་རེ་ངོ་རེ་བྱས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོ་གནས་ཀྱི་ཐོག་ནས་དཀའ་ངལ་གང་ཡང་མེད་ཀྱང་བོད་སྤྱི་པའི་གནད་དོན་དང་མ་འོངས་པའི་བུ་ཚ་ཕྱི་རབས་པའི་ཆེད་བསམ་བློ་བཏང་ན། གཞུང་སྒེར་གང་ཐད་ནས་རེ་བ་གཏན་ནས་བརླག་མི་རུང་བ་དང་དེའི་ཐོག་ནས་ཐབས་ཤེས་གང་ཡོད་བྱེད་དགོས་པའི་དུས་ལ་བབ་འདུག།

Share this:
༣༣༦ ཀློག་གྲངས།