རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་གནས་སྟངས་ཛ་དྲག་ཏུ་གཏོང་མི་ཉེན་པའི་རེ་སྐུལ་བྱས་འདུག 

ཨ་རི་དང་རྒྱ་ནག ཡུ་རོབ་མཐུན་ཚོགས་སོགས་ཀྱིས་རྒྱ་གར་དང་པ་ཀི་སི་ཐན་རྒྱལ་ཁབ་གཉིས་ལ། ཕྱོགས་གཉིས་བར་གྱི་དམག་འཁྲུག་གི་ཛ་དྲག་གནས་སྟངས་དེ་ཞི་འཇམ་ཡོང་ཐབས་བྱེད་པའི་རེ་སྐུལ་བྱས་འདུག ཐེངས་འདིར་རྒྱ་གར་གྱིས་པ་ཀི་སི་ཐན་ནང་གི་འཇིགས་སྐུལ་ཚོགས་པའི་སྦྱོང་བརྡར་དམག་སྒར་ལ་གནམ་ཐོག་དྲག་རྒོལ་བྱས་ཏེ་གྲུབ་འབྲས་ཐོན་སྐོར་བརྗོད་བཞིན་ཡོད་ཀྱང་། པ་ཀི་སི་ཐམ་གྱིས་རྒྱ་གར་གྱི་བསྒྲགས་གཏམ་དེར་དགག་བྱ་བྱས་ཏེ། གྲུབ་འབྲས་ཐོན་པའི་དྲག་རྒོལ་དེ་འདྲ་བྱུང་མེད་ཁར། སྐད་ཆ་དེ་ནི་རྒྱ་གར་ནང་འོས་བསྡུ་སླེབས་ཉེ་བ་དང་བསྟུན། འོས་ཤོག་སློང་ཆེད་ཀྱི་རྫུན་གཏམ་ཞིག་ཡིན་སྐོར་བརྗོད་འདུག

ཟླ་༢ པའི་ཚེས་༢༦ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་རྒྱ་གར་གྱིས་པ་ཀི་སི་ཐན་ནང་དུ་གནམ་ཐོག་ནས་དྲག་རྒོལ་བྱས་པའི་གནས་ཚུལ་ཁྱབ་ཡོད་པ་དང་། རྗེས་སུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་གྷོ་ཁེལ་གྱིས། པ་ཀི་སི་ཐན་གྱི་འཛིན་སྐྱོང་འོག་ཡོད་པའི་ཀ་ཤི་མིར་ནང་དུ་འཇིགས་སྐུལ་ཚོགས་པའི་སྦྱོང་བརྡར་དམག་སྒར་དུ། རྒྱ་གར་གྱིས་གནམ་ཐོག་ནས་དྲག་རྒོལ་བྱས་ཏེ། དམག་སྒར་དེ་རྩ་མེད་བཟོས་ཡོད་ཁར། འཇིགས་སྐུལ་བ་༣༥༠ བསད་ཡོད་སྐོར་བརྗོད་འདུག་ཀྱང་། པ་ཀི་སི་ཐན་གྱིས་རྒྱ་གར་གྱི་གནམ་དམག་པ་ཀི་སི་ཐན་གྱི་གནམ་ཐོག་ཏུ་སླེབས་སྐབས། པ་ཀི་སི་ཐན་གྱི་གནམ་དམག་གིས་རྗེས་དེད་བཏང་སྐབས། ཕྱིར་བྲོས་ཏེ་ཤིང་ནགས་ཤིག་ཏུ་འབར་རྫས་འཕངས་ཡོད་པ་དང་། ས་གནས་དེར་མི་སྡོད་མཁན་མེད་སྐོར་བརྗོད་འདུག རྒྱ་གར་གྱིས་གནམ་ཐོག་དྲག་རྒོལ་གྲུབ་འབྲས་ཐོན་ཡོད་ཚུལ་བརྗོད་བཞིན་པ་དེ་ནི། རྒྱལ་ཁབ་དེའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་ཉེ་བ་དང་བསྟུན་ནས། འོས་ཤོག་སློང་ཆེད་ཀྱི་རྫུན་གཏམ་ཞིག་ཡིན་སྐོར་དང་། རྒྱལ་སྤྱིའི་སྐུ་ཚབ་དང་གསར་འགོད་པ་རྣམས་ས་གནས་དེར་སླེབས་ནས་ར་སྤྲོད་བྱེད་པར་དགའ་བསུ་ཡོད་སྐོར་བརྗོད་འདུག དེ་བཞིན་ས་གནས་དེའི་ཉེ་འགྲ་དུ་ཡོད་པའི་པ་ཀི་སི་ཐན་གྱི་མི་མང་གིས་འབར་གས་གྱི་སྒྲས་གཉིད་དཀྲོགས་ཡོད་པ་ལས། གནོད་སྐྱོན་གྱི་ཁྱབ་ཆེ་ཆུང་ར་སྤྲོད་བྱེད་ཐུབ་ཀྱི་མེད་སྐོར་རྒྱལ་སྤྱིའི་བརྒྱུད་ལམ་བྷི་བྷི་སི་ལ་བརྗོད་འདུག

ད་ལྟའི་ཆར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་སྐད་ཆ་མི་འདྲ་བ་བཤད་བཞིན་ཡོད་པས། གནམ་ཐོག་དྲག་རྒོལ་དེ་དངོས་སུ་གཏོར་རྒོལ་ཐེབས་ཡོད་མེད་ར་སྤྲོད་བྱེད་དཀའ་བ་ཡིན་འདུག རྒྱ་གར་བརྒྱུད་ལམ་མང་པོ་ཞིག་ནང་རྒྱ་གར་གཞུང་གི་བཤད་པའི་སྐད་ཆ་བདེན་པར་བཟུང་ནས། གནམ་ཐོག་དྲག་རྒོལ་དེ་གྲུབ་འབྲས་ཐོན་ཡོད་སྐོར་བཀོད་བཞིན་འདུག་ཀྱང་། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཕྱོགས་གཉིས་ཀྱི་སྐད་ཆ་མི་མཐུན་པ་དེའི་སྐོར་བཀོད་འདུག

རྒྱ་གར་ནང་དུ་དྲག་རྒོལ་གྱི་གནས་ཚུལ་དུ་ཐོན་རྗེས། མི་མང་ཁག་ཅིག་གིས་ཤོག་སྦག་སྤར་བ་དང་། གཞུང་འཛིན་ཚོགས་པའི་རྒྱབ་སྐྱོར་བ་ཚོས་རྒྱ་གར་གྱི་རྒྱལ་དར་འཕྱར་ནས་དགའ་བསུའི་ལས་འགུལ་སྤེལ་བ་སོགས་བྱས་འདུག་པ་དང་། པ་ཀི་སི་ཐན་གྱིས་རྒྱལ་ཁབ་དེར་བདག་དབང་ཡོད་པའི་གནམ་ཐོག་ཏུ་ཁྲིམས་འགལ་ཐོག་ནས་འཛུལ་ཡོད་སྐོར་བརྗོད་ནས། ས་ཆ་དང་དུས་ཚོད་གཏན་ཁེལ་བྱས་ཏེ་རྒོལ་ལན་བསློགས་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་པ་ཀི་སི་ཐན་གྱི་ཁྲིམས་རྩོད་པ་དང་མི་མང་ཁག་ཅིག་གིས། རྒྱ་གར་གྱི་རྒྱལ་དར་མེར་བསྲེགས་པ་སོགས་བྱས་ཏེ་ངོ་རྒོལ་བྱས་འདུག

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེས་གསར་འགོད་པ་ཚོར། དྲག་རྒོལ་བྱེད་ཡུལ་ས་གནས་དེར་རྒྱ་གར་གྱི་འཛིན་སྐྱོང་འོག་ཡོད་པའི་ཀ་ཤི་མིར་དེ་སྔོན་དྲག་རྒོལ་སྤེལ་ཏེ། ཉེན་རྟོག་པ་༤༢ བསད་མཁན་གྱི་འཇིགས་སྐུལ་ཚོགས་པ་དེའི་སྦྱོང་བརྡར་དམག་སྒར་ཡོད་པ་དང་། ཁོ་ཚོས་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལ་སླར་ཡང་དྲག་རྒོལ་ཚབས་ཆེན་སྤེལ་ཆེད་སྦྱོང་བརྡར་སྤྲོད་བཞིན་པའི་གནས་ཚུལ་ལག་སོན་བྱུང་བ་ལྟར། མི་མང་དཀྱུས་མར་ཉེན་ཁ་མེད་པའི་ས་ཚིགས་དེར་གནམ་ཐོག་ནས་དྲག་རྒོལ་བྱེད་རྒྱུ་ཐག་གཅོད་བྱས་པ་ཡིན་སྐོར་བརྗོད་འདུག དྲག་རྒོལ་གྱི་གནས་ཚུལ་ཐོན་རྗེས། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས། ཤར་ཨེ་ཤི་ཡ་ནང་རྒྱ་གར་དང་པ་ཀི་སི་ཐན་གཉིས་ནི་གལ་གནད་ཆེ་བའི་རྒྱལ་ཁབ་གཉིས་ཡིན་པས། ཕྱོགས་གཉིས་བར་ལ་འབྲེལ་ལམ་ཡག་པོ་དང་མཉམ་ལས་ཡོད་ན། ཕྱོགས་གཉིས་ལ་ཁེ་ཕན་ཡོང་རྒྱུ་མ་ཟད། མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པས། གནས་སྟངས་ཛ་དྲག་མི་གཏོང་བར། ཞི་འཇམ་ཡོང་ཐབས་ལ་འབད་སྐོར་བརྗོད་འདུག དེ་བཞིན་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཀྱང་དེ་ལྟར་རེ་སྐུལ་བྱས་འདུག

དེ་ཡང་ཟླ་༢ པའི་ཚེས་༡༤ ཉིན་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིར་ས་གནས་ཀྱི་ལྷོ་ཕྱོགས་སུ། ས་གནས་དེའི་དྲག་སྤྱོད་པ་ཞིག་གིས་འབར་རྫས་ཀྱིས་འཁེངས་པའི་རླངས་འཁོར་ཞིག་བཏང་ནས། ས་གནས་དེར་འགྲེམ་འཇོག་བྱས་པའི་རྒྱ་གར་དབུས་གཞུང་གི་ཉེན་རྟོག་རུ་ཁག་མང་པོ་ཡོད་པའི་རླངས་འཁོར་ཞིག་ལ་བརྡུངས་ནས་རང་མེད་གཞན་མེད་ཀྱི་འབར་གས་དྲག་རྒོལ་བྱས་ཡོད་པ་རེད། དྲག་སྤྱོད་དེའི་ཁྲོད་ཉེན་རྟོག་པ་༤༢ བསད་ཡོད་པ་དང་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས། དྲག་སྤྱོད་དེར་པ་ཀི་སི་ཐན་དུ་ཡོད་པའི་( Jaish-e-Mohammed) འཇིགས་སྐུལ་ཚོགས་པས་འགན་ལེན་བྱས་ཡོད་པས། རྒྱ་གར་གྱིས་པ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་ཚོགས་པ་དེར་རྒྱབ་སྐྱོར་དང་རྒྱ་གར་ནང་དྲག་རྒོལ་བརྒྱུད་བསྐུལ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཀྱང་། པ་ཀི་སི་ཐན་གྱིས་ཁས་ལེན་བྱས་མེད་པ་རེད། གནས་ཚུལ་དེ་དང་བསྟུན་ནས་རྒྱ་གར་ནང་པ་ཀི་སི་ཐན་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་སྤེལ་ཡོད་ཁར། ཀ་ཤི་མིར་མི་རིགས་ཡིན་ཁར་རྒྱ་གར་གྱི་ས་གནས་གཞན་ཏུ་སློབ་སྦྱོང་དང་གནས་སྡོད་བྱེད་མཁན་མང་པོ་ཞིག་ལ། རྡུང་རྡེག་བྱས་པའི་གནས་ཚུལ་མང་པོ་ཐོན་ཡོད་པ་རེད། དེའི་ཐོག་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་རན་པ་དང་བསྟུན། ད་ལྟའི་གཞུང་འཛིན་ཚོགས་པར་དྲག་རྒོལ་དེར་རྒོལ་ལན་དྲག་པོ་ཞིག་བསློགས་ནས། མི་མང་ནས་འོས་ཤོག་ཐོབ་པ་བྱ་རྒྱུའི་གནོན་ཤུགས་ཆེན་པོ་སླེབས་ཡོད་པ་རེད།

དྲག་རྒོལ་དེ་ཐོག་མར་བྱུང་སྐབས་ཕྱོགས་འགལ་ཚོགས་པ་ཚོས་དྲག་རྒོལ་དེར་ངོ་རྒོལ་བྱས་ཡོད་ནའང་། རྗེས་སུ་འོས་བསྡུ་སླེབས་ལ་ཉེ་བའི་དུས་སྐབས་འདིར། བདེ་སྲུང་གི་ཚད་གཞི་མཐོན་པོ་ཡོད་པའི་ས་གནས་སུ་དྲག་རྒོལ་ཆེན་པོ་དེ་འདྲ་ཞིག་ཇི་ལྟར་སྤེལ་ཐུབ་པ་བྱུང་བར་དོགས་སློང་བྱས་ཏེ། སྲིད་བློན་མཱོ་རྡི་ལ་དྲག་རྒོལ་དེ་འོས་བསྡུའི་དྲིལ་བསྒྲགས་ལ་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། ད་ལྟའི་ཆར་ཕྱོགས་འགལ་ཚོགས་པ་ཚོས། པ་ཀི་སི་ཐན་ལ་དྲག་རྒོལ་བྱས་པ་དེས་རྒྱལ་ཁབ་དེའི་ཡུལ་མིར་གནོད་སྐྱོན་བཏང་མེད་པར། འཇིགས་སྐུལ་ཚོགས་པ་རྩ་མེད་བཏང་ཡོད་པས་རྒྱབ་སྐྱོར་ཡོད་ཚུལ་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༧༨༠ ཀློག་གྲངས།