བལ་ཡུལ་གཞུང་གིས་བོད་མིའི་གྲངས་ཐོ་བསྡུ་བཞིན་ཡོད་འདུག

བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མི་གསར་པ་བཀག་འགོག་ཡོང་ཆེད་དང་། རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་འགོག་ཆེད་དུ། རྒྱལ་ཁབ་དེའི་ནང་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་གྲངས་ཐོ་བསྡུས་ནས་མཉེན་ཆས་ཤིག་གི་ནང་འཇུག་བཞིན་ཡོད་འདུག

དེ་ཡང་ཟླ་༢ པའི་ཚེས་༢༦ ཉིན་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། བལ་ཡུལ་གཞུང་གིས་རྒྱལ་ཁབ་དེའི་ནང་གནས་སྡོད་བྱེད་མཁན་གྱི་བཙན་བྱོལ་བོད་མི་རྣམས་ཀྱི་གྲངས་ཐོ་བསྡུ་འགོ་བཙུགས་ཡོད་པ་དང་། དེ་ཡང་བོད་མི་རྣམས་དེབ་སྐྱེལ་བྱེད་ཆེད་མ་ཡིན་པར། བོད་མིའི་གྲངས་འབོར་མང་དུ་མི་འགྲོ་བའི་ཆེད་དུ། བཙན་བྱོལ་དུ་སླེབས་མཁན་གསར་པ་རྣམས་བཀག་འགོག་དང་། རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་བཀག་འགོག་ཡོང་ཆེད་ཡིན་ཁར། བོད་མི་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་མཉེན་ཆས་ཤིག་གི་ནང་དུ་ནང་འཇུག་གི་ཡོད་འདུག

གནས་ཚུལ་དེའི་ནང་ད་ལྟའི་ཆར་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་༡༤,༠༠༠ ཡོད་འདུག་པ་དང་། རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་ཕྱི་ལོ་༡༩༨༩ ལོ་ནས་བལ་ཡུལ་གཞུང་གིས་བཙན་བྱོལ་བོད་མིར་སྐྱབས་བཅོལ་སྤྲད་རྒྱུ་མཚམས་འཇོག་དང་། ཕྱི་ལོ་༡༩༩༥ ལོ་ནས་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་སྤྲད་རྒྱུ་མཚམས་འཇོག་བྱས་ཡོད་འདུག

དེ་བཞིན་གནས་ཚུལ་དེའི་ནང་ཕྱི་ལོ་༢༠༡༥ ལོར་བལ་ཡུལ་གྱི་ས་ཡོམ་ལ་བརྟེན་ནས་གཏོར་སྐྱོན་ཤོར་བའི་བལ་ཡུལ་དང་བོད་ཀྱི་ས་མཚམས་ཤིག་ཟླ་༥ པའི་ནང་བསྐྱར་དུ་སྒོ་འབྱེད་བྱས་ནས། ས་མཚམས་དེ་བརྒྱུད་ནས་ཚོང་གི་ལས་དོན་སྔར་ལྟར་འགོ་འཛུགས་བྱེད་རྒྱུ་ཡིན་འདུག་པ་དང་། དེ་ཡང་བལ་ཡུལ་གྱིས་རྒྱ་ནག་ལ་ས་མཚམས་དེ་བརྒྱུད་ནས། རྒྱ་ནག་ལ་ཁ་གཏད་པའི་ལས་འགུལ་མི་འབྱུང་བ་ཁས་ལེན་བྱས་རྗེས། རྒྱ་ནག་གཞུང་གིས་ས་མཚམས་དེ་བསྐྱར་དུ་སྒོ་འབྱེད་བྱེད་རྒྱུར་ཁས་ལེན་བྱས་པ་ཡིན་འདུག

རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས། བོད་མི་ཚོས་གསུམ་བཅུའི་དུས་དྲན་དང་༧གོང་ས་མཆོག་གི་འཁྲུངས་སྐར་སོགས་སྲུང་བརྩི་བྱེད་པར། བལ་ཡུལ་གཞུང་གིས་བཀག་འགོག་དང་དམ་དྲག་ཆེན་པོ་བྱེད་བཞིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༢༨༩ ཀློག་གྲངས།