ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༢༨ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སློབ་གྲྭ་ཁག་གི་ཕ་མའི་ཚོགས་ཆེན་ཐེངས་གཉིས་པ་དེ་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དབུ་འཛུགས་གནང་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་དང་སློབ་གྲྭ་ཁག་གཙོས་པའི་ཤེས་ཡོན་གྱི་སྡེ་ཚན་ཁག་ནས་ཕེབས་པའི་སྤྱི་ཁྱབ་འགན་འཛིན་རྣམས་དབུ་བཞུགས་ཐོག་ཕྱོགས་མཐའ་ཁག་ནས་ཕ་མའི་ཚོགས་ཆུང་ཁག་གི་ཚོགས་མི་མང་པོ་ཞིག་ཕེབས་འདུག

ཐེངས་འདིར་ཤེས་རིག་དྲུང་ཆེ་ཀརྨ་སེང་གེས་ཕེབས་བསུ་དང་འབྲེལ་ཕ་མའི་ཚོགས་ཆུང་ཐེངས་དང་པོ་སྐོང་ཚོགས་གནང་སྐབས་སུ་བཞག་པའི་གྲོས་ཆོད་ཁག་ལས་ལག་ལེན་ཁེལ་བ་རྣམས་སྙན་སྒྲོན་ཞུས་པ་དང་འབྲེལ་ཕ་མའི་ཚོགས་ཆུང་བཙུགས་ཟིན་པ་དག་ལ་དགེ་ཕན་བྱུང་སྐོར་དང་། ཕ་མའི་ཚོགས་ཆུང་ས་གནས་ཕལ་ཆེ་ཤོས་ལ་ཡོད་ཀྱང་མེད་པའི་ས་གནས་ཁག་གིས་འཛུགས་དགོས་པ། བཙུགས་པ་ཙམ་མིན་པར་ཚང་མས་ཚོགས་འདུ་སོགས་ལ་མཉམ་ཞུགས་གནང་གལ་ཆེ་ཚུལ་སོགས་གསུངས་སོང་།

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་ཕ་མའི་ཚོགས་ཆུང་གལ་ཆེ་ཚུལ་དང་ཚོགས་ཆུང་གི་རྩ་འཛིན་ཡིག་ཆ་སྔོན་ཆད་གཏན་འབེབས་བྱས་ཡོད་པ་དག་ལ་བསྒྱུར་བཅོས་དགོས་མིན་གྱི་སྐོར་ལ་དེ་རིང་གོ་བསྡུར་གནང་དགོས་པ། དེ་བཞིན་ཤེས་ཡོན་སྲིད་བྱུས་དེ་ཕ་མ་ཚོས་འགན་ཆེ་ཙམ་བཞེས་དགོས་པའི་སྐོར་སོགས་གསུངས་པ་མ་ཟད། ཕ་མ་ཚོ་ནི་བུ་ཕྲུག་རྣམས་ལ་བྱམས་བརྩེའི་ས་བོན་འདེབས་མཁན་གཙོ་བོ་ཞིག་ཡིན་པ་ཤེས་པའི་ཐོག་ནས་བུ་ཕྲུག་གསོ་སྐྱོང་གནང་སྟེ། དེའི་ནུས་པའི་ཐོག་ནས་བྱམས་བརྩེའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་བྱ་རྒྱུ་དང་། བྱམས་བརྩེའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ན་བྱམས་བརྩེའི་འཛམ་གླིང་ཞིག་བསྐྲུན་ཐུབ་པ་ཡིན་པས་ཕ་མ་ཚོས་རང་ཉིད་བྱམས་བརྩེའི་འབྱུང་ཁུངས་ཤིག་ཡིན་པ་ཤེས་པའི་ཐོག་ནས་བུ་ཕྲུག་གསོ་སྐྱོང་གནང་རྒྱུ་གལ་ཆེན་ཡིན་པ། གཞན་ཡང་ཕ་མའི་བསམ་བློ་གཏོང་སྟངས་དང་སྤྱོད་པ་སོགས་བུ་ཕྲུག་རྣམས་ལ་མིག་དཔེ་སྟོན་རྒྱུ་ཡོད་པ་ཞིག་དགོས་པའི་སྐོར་སོགས་གསུངས་སོང་།

དེ་རྗེས་སྲིད་སྐྱོང་གིས་ཤེས་ཡོན་ཐོག་ལ་བཀའ་ཤག་གིས་མཐུན་རྐྱེན་སྦྱར་བའི་སྐོར་དང་ཤེས་རིག་ལས་ཁུངས་ཀྱི་འགྲོ་གྲོན་དང་སློབ་ཡོན་བཅས་འཕར་ཚུལ། སྔོན་ཆད་དབྱར་ཚོང་སོགས་ཀྱི་ཆེད་དུ་བུན་གཡར་བ་བཞིན་མ་འོངས་པར་ཤེས་ཡོན་གྱི་ཆེད་དུ་བུན་གཡར་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུངས་པ་དང་། དེ་བཞིན་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ་བོད་པས་སྤྱང་པོ་བྱ་རྒྱུ་གལ་ཆེ་ཚུལ་སོགས་གསུངས་སོང་།

ཕ་མའི་ཚོགས་ཆེན་ཐེངས་དང་པོ་༢༠༡༥ ལོར་འཚོགས་ཡོད་ཅིང་དེ་རིང་འདི་ཐེངས་གཉིས་པ་ཡིན་པ་དང་དུས་ཡུན་ཉིན་གཉིས་རིང་འཚོག་རྒྱུ་ཡིན་པ་རེད། །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༡༠༧༧ ཀློག་གྲངས།