འཆི་མེད་ལྷ་མོ་ལ་སྡིགས་སྐུལ་བྱས་པ་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་འདུག

ཁེ་ན་ཌའི་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བའི་བོད་པའི་བུད་མེད་སློབ་མ་འཆི་མེད་ལྷ་མོ་ལ། དྲ་ཐོག་ནས་རྒྱ་རིགས་སློབ་མ་མང་པོ་ཞིག་གིས་ཚིག་རྩུབ་དང་སྡིགས་སྐུལ་བྱས་ཡོད་པའི་གནད་དོན་དང་འབྲེལ་ནས། ཉེན་རྟོག་པས་ཚིག་རྩུབ་དང་སྡིགས་བསྐུལ་དེ་རིགས་ཁྲིམས་འགལ་ཆགས་ཀྱི་ཡོད་མེད་ཐད་ཞིབ་འཇུག་བྱེད་བཞིན་ཡོད་འདུག

ཟླ་༣ པའི་ཚེས་༡ ཉིན་ཁེ་ན་ཌའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༢ པའི་ཚེས་༢༨ ཉིན་ཁེ་ན་ཌའི་ཀྲོ་རོན་ཀྲོ་གྲོང་ཁྱེར་གྱི་ཉེན་རྟོག་པས། བོད་མི་འཆི་མེད་ལྷ་མོར་དྲ་ཐོག་ནས་ཚིག་རྩུབ་དང་སྡིགས་སྐུལ་མང་པོ་བྱས་ཡོད་པའི་ཁོངས་ནས། ཁྲིམས་འགལ་གྱི་སྡིགས་སྐུལ་རིགས་བྱུང་ཡོད་མེད་ཐད་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་དངོས་ཡོད་ར་སྤྲོད་བྱས་འདུག འོན་ཀྱང་མི་མང་པོ་ཞིག་གིས་གནད་དོན་དེའི་རྒྱབ་ལ་རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་ཡོད་མེད་ཐད་ཞིབ་འཇུག་དགོས་པའི་རེ་འདུན་བཏོན་ཡོད་པས། ཉེན་རྟོག་པས་གནད་དོན་དེའི་ཐད་གང་ཡང་བརྗོད་མི་འདུག

དེ་ཡང་ཟླ་༢ པའི་ནང་ཁེ་ན་ཌའི་ཀྲོ་རོན་ཀྲོ་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་(Scarborough) མཐོ་སློབ་ཏུ། ལོ་རིམ་བཞི་པའི་ནང་དབང་རྩ་ཚན་རིག་དང་སེམས་ཁམས་རིག་པ་སློབ་གཉེར་བྱེད་བཞིན་པའི་འཆི་མེད་ལྷ་མོར། མཐོ་སློབ་དེའི་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག་པ་དང་། ཟླ་༢ ཚེས་༨ ཉིན་མཐོ་སློབ་དེའི་ནང་ཡོད་པའི་རྒྱ་རིགས་སློབ་མ་ཞིག་གིས་དྲ་ཐོག་ཞུ་གཏུག་ལས་འགུལ་ཞིག་འགོ་བཙུགས་ཏེ། འཆི་མེད་ལྷ་མོ་ནི་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་ཆེན་པོ་བྱེད་མཁན་ཡིན་པ་དང་། ཕྱིའི་ཚོགས་སྡེ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། སློབ་མ་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་གིས་ཕྱིའི་རྒྱལ་ཁབ་ཅིག་ལ་སྐྱོན་བརྗོད་བྱས་ན་འགྲིག་གི་མེད་ཁར། ཚོགས་གཙོའི་ལས་འགན་དེ་མོས་ཁུར་ཚེ་ཁོང་ཚོར་བདེ་འཇགས་ཚོར་གྱི་མེད་པས། འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་མེད་སྐོར་བརྗོད་འདུག དྲ་ཐོག་ཞུ་གཏུག་ལས་འགུལ་དེར་མི་གྲངས་༡༠༠༠༠ ལས་མང་བས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་ཟིན་འདུག་ཀྱང་། མིང་རྟགས་བཀོད་མཁན་རྣམས་རྒྱ་ནག་གཞུང་གི་གླ་འོག་ཏུ་ཡོད་པའི་དྲ་འབུ་ཡིན་མིན་ར་སྤྲོད་བྱེད་ཐབས་ཁག་པོ་ཆགས་འདུག

འཆི་མེད་ལྷ་མོའི་སྤྱི་ཚོགས་དྲ་ལམ་(Instagram) ཐོག་ཏུ། རང་གི་ངོ་སྤྲོད་ནང་དུ་དང་ཐོག་བོད་རང་དབང་ཞེས་བཀོད་ཡོད་ཁར། པར་མཛོད་ནང་དུ་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱས་པ་དང་། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ། སྲིད་སྐྱོང་དང་ཐུག་འཕྲད་བྱས་པ་སོགས་ཀྱི་པར་མང་པོ་ཞིག་བཀོད་འདུག་པས། དྲ་ཐོག་ཞུ་གཏུག་ལས་འགུལ་དེའི་ནང་དུ་ཁོང་གི་སྤྱི་ཚོགས་དྲ་ལམ་གྱི་མདུན་ངོས་ཀྱི་པར་ཞིག་བཞག་ནས། བོད་རང་དབང་ཞེས་པ་དེར་དམར་རྟགས་བཀོད་འདུག

ཁོང་ལ་དྲ་ཐོག་ནས་རྒྱ་རིགས་སློབ་མ་མང་པོ་ཞིག་གིས་ཚིག་རྩུབ་དང་སྡིགས་སྐུལ། དེ་བཞིན་དྲ་ཐོག་ཞུ་གཏུག་ལས་འགུལ་སྤེལ་བ་སོགས་བྱས་རྐྱེན། བོད་དོན་འཐབ་རྩོད་པ་དང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། ལས་འགུལ་དེ་ཚོའི་རྒྱབ་ལ་རྒྱ་ནག་གཞུང་གི་ལག་པ་ཡོད་པའི་དོགས་སློང་བྱས་ནས། ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། དེ་སྔོན་ཕྱི་ལོ་༢༠༠༩ ནས་༢༠༡༢ བར་རྒྱ་ནག་ཏུ་ཁེ་ན་ཌའི་གཞུང་ཚབ་བྱེད་མྱོང་མཁན་(David Mulroney)ཡིས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཡོད་པའི་གནད་དོན་དེ་ལོ་མང་སྔོན་ནས་ཤེས་གསལ་ཡིན་པས། ཁེ་ན་ཌ་གཞུང་གིས་གནད་དོན་དེའི་ཐད་ཞིབ་འཇུག་དང་དྲི་རྩད་བྱེད་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་ཡོད་ཀྱང་། ཀྲོ་རོན་ཀྲོ་ཏུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་གིས། འཆི་མེད་ལྷ་མོར་དྲ་ཐོག་ནས་སུན་གཙེར་དང་སྡིགས་སྐུལ་གྱི་གནད་དོན་དེ་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བ་ལས། དེའི་ནང་རྒྱ་ནག་གཞུང་གི་ཐེ་བྱུས་གང་ཡང་མེད་སྐོར་དང་། རྒྱ་རིགས་སློབ་མ་ཚོས་རྒྱལ་ཞེན་ལ་བརྟེན་ནས་རང་འགུལ་གྱིས་ལས་འགུལ་སྤེལ་བར་ཡིད་ཆེས་བྱེད་ཀྱི་ཡོད་ཁར། རྒྱ་ནག་གཞུང་གིས་རྒྱ་ནག་ལ་ཁ་གཏད་ཀྱིས་བོད་རང་བཙན་འཐབ་རྩོད་ཀྱི་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་དང་། ལས་འགུལ་དེ་རིགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་དང་ཚོགས་སྡེ་ཚང་མར་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་སྐོར་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།

འཆི་མེད་ལྷ་མོས་བརྒྱུད་ལམ་ཁག་ཏུ། དྲ་ཐོག་ནས་ཁག་ཅིག་གིས་ཁོང་དང་ཁོང་གི་ནང་མིའི་ཚེ་སྲོག་ལ་སྡིགས་སྐུལ་བྱས་ཡོད་སྐོར་བརྗོད་འདུག་པ་དང་། གནད་དོན་དེའི་ཐོག་ཞིབ་འཇུག་བྱེད་མཁན་ཉེན་རྟོག་པས། དྲ་ཐོག་ནས་སྐད་ཡིག་འདྲ་མིན་ཐོག་མཆན་དང་འཕྲིན་ཐུང་རིགས་༡༥,༠༠༠ ལག་སོན་བྱུང་ཡོད་པས། དེ་དག་ཞིབ་འཇུག་བྱས་རྗེས་ཁྲིམས་འགལ་གྱི་གནད་དོན་ལྷག་ཡོད་མེད་ཤེས་རྟོགས་ཐོབ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔོན་གནད་དོན་དེ་ལྷག་པའི་རྗེས་སུ་འཆི་མེད་ལྷ་མོས་བརྒྱུད་ལམ་ཞིག་གི་བཅར་འདྲི་ལ། རྒྱ་ནག་གི་སློབ་མ་རྣམས་ཀྱིས་ཁོང་ལ་གནས་ཚུལ་དེའི་སྐོར་ནས་ཐད་ཀར་གང་ཡང་བཤད་མེད་པ་དང་། རྒྱ་རིགས་སློབ་མ་རྣམས་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བ་ཡིན་ན། སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འབྱུང་འགྱུར་གྱི་ལས་འཆར་རྣམས་འགྲེལ་བརྗོད་བྱ་འདོད་ཡོད། དེ་བཞིན་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཁུང་ཙི་ལྟེ་གནས་ཁང་སོགས་བརྒྱུད་ནས་ཁེ་ན་ཌའི་སློབ་གྲྭ་ཆེན་མོ་ཁག་གི་ལས་དོན་ལ་ཐེ་ཇུས་བྱེད་བཞིན་པའི་གནས་ཚུལ་ཁག་སློབ་མའི་མཐུན་ཚོགས་ཀྱི་ནང་ཕྱག་ལས་གནང་པའི་ཉམས་མྱོང་གི་ཐོག་ནས་གསལ་པོར་ཤེས་ཀྱི་ཡོད་པ།  རྒྱ་རིགས་སློབ་མ་ཚོས་དྲ་རྒྱ་བརྒྱུད་ཁོང་ལ་ཚིག་མཚོན་བཏབ་པ་དང་མི་བདེན་པའི་གནས་ཚུལ་མང་དག་ཞིག་འགྲེམས་སྤེལ་བྱས་པ་དེས། ཁོང་གི་ནང་མི་དང་གྲོགས་པོ་གྲོགས་མོ་རྣམས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་ཁྲལ་ཅུང་ཆེན་པོ་བྱུང་བ་ལས། ཁོང་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ལྡན་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། སྤྱི་ཚོགས་བརྒྱུད་ལམ་ཁག་གི་གླེང་སློང་འདྲ་མིན་བྱུང་བཞིན་པ་དེས་ཁོང་ལ་སྔར་ལས་ལྷག་པའི་སྐུལ་མ་དང་རང་གི་རྣམ་དཔྱོད་བེད་སྤྱད་ནས་རྨོངས་སྤྱོད་ལ་གདོང་ལེན་བྱ་རྒྱུར་གདེང་ཚོད་ཆེ་རུ་ཕྱིན་པར་ཕན་ཐོགས་བྱུང་སྐོར་ལན་འདེབས་བྱས་འདུག

༢༠༡༨ ལོའི་ཟླ་༡༡ པའི་ནང་། ཁོང་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་མ་བྱུང་གོང་འཆི་མེད་ལྷ་མོ་ནི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་ལས་འགན་གནང་མུས་ཡིན་པ་དང་། ལས་འགན་དེའི་འོག་ཁོང་གིས་གཙོ་འགན་བཞེས་ཏེ་ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གཏམ་བཤད་གོ་སྒྲིག་བྱས་ཐུབ་ཡོད་པ་དང་། མཐོ་སློབ་དེའི་རྒྱ་རིགས་སློབ་མ་ཁག་ཅིག་གིས་སྲིད་སྐྱོང་གི་གཏམ་བཤད་གནང་སའི་ཚོགས་ཁང་གི་བར་ཁྱམས་སུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

ལོ་མང་སྔོན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་ནང་། རྒྱ་ནག་ནས་རྒྱ་རིགས་སློབ་མ་ཕོན་ཆེན་འཛུལ་བཞིན་ཡོད་པ་དང་། དེ་དག་མང་པོ་ཞིག་གིས་སློབ་གཉེར་ཁང་དེ་དག་གི་ཁོར་ཡུག་ནང་རྒྱ་ནག་ལ་ཁ་གཏད་ཀྱི་བགྲོ་གླེང་དང་གཏམ་བཤད། དེ་བཞིན་ལས་འགུལ་རིགས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པས། མི་མང་པོ་ཞིག་གིས་དེ་དག་ལ་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཡོད་པའི་དོགས་པ་ཆེན་པོ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༢༦༥ ཀློག་གྲངས།