ཐག་རིང་ལ་གནམ་གྲུའི་ནང་ཕེབས་ཡ་སྐུ་ངལ་འདུག་གསུངས་སོང་།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་ཆོས་ཞུ་བ་ཚོས་གསོལ་འདེབས་ཞུས་དོན་ལྟར་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་དྷ་སའི་བཞུགས་སྒར་ཕོ་བྲང་དུ་གནང་ཡོད་པ་རེད།

ཕྱི་ཟླ་ ༢ ཚེས་༢༨ ནས་ཉིན་༢ རིང་ལ་༧གོང་ས་མཆོག་གིས་སོག་པོའི་དད་ལྡན་ཆོས་ཞུ་བ་སོག་པོའི་བླ་མའི་དགེ་རྒན་གྱིས་གཙོས་བླ་སྤྲུལ་དགེ་འདུན་པ་དང་སྐྱ་སེར་༡༥༩ བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་དུ་མཇལ་ཁ་གནང་བ་དང་། དུས་མཚུངས་བརྙན་ལམ་ནས་སོག་ཡུལ་དུ་ཡོད་པའི་ཉིན་དང་པོར་མི་གྲངས་༤༠༠༠ ལྷག་དང་ཉིན་གཉིས་པར་ན་གཞོན་༡༠༠༠ ལས་བརྒལ་བར་ཞལ་མཇལ་གནང་བ་དང་ལྷན་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཤད་ལུང་དང་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་གནང་ཡོད་པ་རེད།

སྐབས་དེར་༧གོང་ས་མཆོག་གིས་སོག་པོ་དང་བོད་ཀྱི་རྒྱལ་པོ་དེ་བཞིན་༧གོང་ས་མཆོག་སྐུ་སྒེར་བཅས་ཀྱི་འབྲེལ་བ་བྱུང་ཚུལ་ཐོག སྔར་དུས་རབས་བདུན་པ་དང་། བརྒྱད་པ། དགུ་པའི་སྐབས་ལ་རྒྱ་ཡིག་གི་ཡིག་ཆའི་ནང་གསལ་པོར་འཁོད་པ་ལྟར་ན། རྒྱ་ཧོར་བོད་གསུམ་ཞེས་རྒྱ་ནག་རྒྱལ་པོ་དང་། ཧོར་གྱི་ཇིང་གིར་རྒྱལ་པོ། བོད་ཀྱི་རྒྱལ་པོ་ཞེས་དམིགས་བསལ་འབྲེལ་བ་ཡོད་སྐོར་དང་། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་ཀྱང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཧོར་གྱི་ཡུལ་ལ་ཕེབས་ནས་དམིགས་བསལ་གྱི་འབྲེལ་བ་ཆེན་པོ་ཞིག་ཆགས་པ་དང་ཧོར་གྱི་ཡུལ་ལ་སངས་རྒྱས་ཀྱི་བསྟན་པ་སྔ་དར་ཞེས་པ་ཞིག་གསུང་གི་ཡོད་པའི་སྐོར་སོགས་དང་།  ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་མདོ་སྔགས་གཉིས་ཀའི་ཐོག་ནས་མཁས་པའི་དབང་པོ་ཆགས་ནས་ཐམས་ཅད་མཁྱེན་པ་ཟེར་བའི་མཚན་དེ་ཐོགས་ཚུལ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་། ༧རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཏཱ་ལའི་བླ་མ་ཟེར་བ་དེ་སོག་པོས་མཚན་བཏགས་པ་ནས་བཟུང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་སོག་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་སྐོར་སོགས་གསུངས་སོང་།

ཉིན་གཉིས་པར་༧གོང་ས་མཆོག་གིས་དེ་རིང་ཆོས་འབྲེལ་བྱེད་སའི་ཡུལ་གཙོ་བོ་དེ་སོག་ཡུལ་རང་དུ་ཡོད་མཁན་རྣམས་ལ་ཡིན་གསུངས་ཡོད་པ་དང་། ཁོང་ཆུང་དུས་ནས་ནང་པ་སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་ལྷག་པར་དུ་ན་ལེནྡྲའི་་མཁས་པའི་དབང་པོ་ཚོས་མཛད་པའི་གཞུང་གཟིགས་ཡོད་པ་མ་ཚད་ད་ལྟ་ཡང་དུས་ཚོད་ཡོད་ཚེ་གཞུང་ཆེན་མོ་ཚོར་གཟིགས་བཞིན་ཡོད་པས་བསྟན་པ་སྤྱིའི་གོ་བ་དགའ་རུ་ཆགས་ཡོད་པ་དང་། ཞོགས་པ་གཟིམ་གཉིད་སད་པ་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་རྩ་བ་བྱས་པའི་གཞན་ཕན་བྱང་ཆུབ་ཀྱི་སེམས་དེ་དག་ཉིན་རེ་བཞིན་དུ་ག་ཚོད་ཐུབ་ཐུབ་ཀྱིས་ཐུགས་བསམ་བཞེས་ཀྱི་ཡོད་པ་དང་ཁོང་གི་སྐུ་ཚེའི་ནང་སྐུ་ངལ་མང་པོ་ཞིག་བརྒྱུད་ནས་ཕྱིན་ཡང་ཐུགས་ལ་ཞི་བདེ་གནས་ཐུབ་པ་དེ་ཁོང་ལ་ཉམས་མྱོང་ཡོད་པར་གསུངས།

གཞན་ཡང་ཆོས་འཆད་སའི་ཡུལ་གྱི་སྐོར་གསུང་དོན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེ་ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པས་མ་ཁྱབ་པའི་ལུང་པར་སེམས་ཁམས་རིག་པ་དང་ཚད་མ་རིག་པ། དེ་བཞིན་དངོས་ཁམས་རིག་པའི་མཁས་དབང་ཚོས་སངས་རྒྱས་པའི་ཆོས་ལ་དོ་སྣང་དང་གོ་བསྡུར་ཡོང་གི་ཡོད་པ་དང་གོ་བསྡུར་བྱུང་བའི་ལག་རྗེས་སུ། དེང་སང་ཚན་རིག་པའི་ནང་ནས་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་མཁན་དེ་ཚོའི་གྲས་མང་པོ་ཞིག་གིས་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་ཁ་ཁ་ཡིན་ཡང་སངས་རྒྱས་ཀྱི་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པ་དང་འགའ་ཤས་སོ་སོས་ཉམས་ལེན་བྱེད་མཁན་ཡང་ཡོད་པས་དེ་ཚོ་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པ་དེ་ཡིན་ཞེས་གསུངས། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེ་ནི་སོག་པོར་ཆགས་བཞག་ན་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་གིས་ཁྱབ་བསྡད་པ་དེ་བར་སྐབས་ཤིག་ལ་ཉམས་ཆག་ཕྱིན་པ་བསྡད་པ་དང་། སོག་པོ་ལྟ་བུར་ཡུལ་གྲུ་ཁག་མང་པོ་ཞིག་ལ་སངས་རྒྱས་ཀྱི་ཆོས་ཉམས་ཆག་ཕྱིན་ཡོད་པ་དང་སངས་རྒྱས་ཀྱི་ཆོས་དེ་སོ་སོའི་ཕ་མེས་ཀྱི་ཆོས་ཆགས་བསྡད་ཡོད་པས་དེ་བསྐྱར་གསོ་བྱེད་པ་ལས་ཆོས་གསར་པ་ཞིག་སྤེལ་བའི་སྐད་ཆ་མིན་ཚུལ་སོགས་གསུངས་སོང་།

གཞན་ཡང་༧གོང་ས་མཆོག་གིས་སྟག་བྲག་རིན་པོ་ཆེ་དང་གླིང་རིན་པོ་ཆེ། དེ་བཞིན་ཁྲི་བྱང་རིན་པོ་ཆེ་བཅས་ལས་ལམ་རིམ་བསྡུས་དོན་འདི་ཞུས་སྐོར་དང་ལམ་རིམ་གྱི་དོན་གསུངས་པ་དང་འབྲེལ་གསུང་ཆོས་དངོས་གནང་ཡོད་པ་རེད། དེ་རྗེས་ཆོས་ཞུ་བ་རྣམས་ཀྱིས་བརྙན་ལམ་ནས་དྲི་བ་ཕུལ་བ་རྣམས་དང་མཐུན་པར་སེམས་ཀྱི་ཞི་བདེ་དང་ཡ་རབས་བཟང་སྤྱོད་སོགས་ཀྱི་ཐད་གསུང་ལན་གནང་ཡོད་པ་དང་། སོག་ཡུལ་ནས་ཆོས་ཞུ་བ་ཞིག་གིས་དྲ་ལམ་ནས་ཆོས་ཞུས་པ་དང་འཁྲིས་སུ་བཅར་ཏེ་ཆོས་ཞུས་པ་གཉིས་ལ་ཁྱད་པར་ཡོད་མེད་དྲིས་པར་༧གོང་ས་མཆོག་གིས་འདིར་ཡོད་མཁན་སོག་པོ་ཚོ་དང་སོག་ཡུལ་དུ་ཡོད་པའི་དྲ་ལམ་ནས་ཆོས་ཞུ་མཁན་སོག་པོ་ཚོ་དང་བསམ་བློའི་ནང་དང་ཀླད་པ་ལ་ཁྱད་པར་མེད་པས་གཅིག་པ་ཡིན་པར་གསུངས། དེ་བཞིན་བཅོམ་ལྡན་འདས་ཞལ་བཞུགས་དུས་བསྙེན་རྫོགས་ཀྱི་སྐབས་སུ་འཁྲིས་ལ་བཅར་མི་ཐུབ་མཁན་རྣམས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་རྒྱུ་ཡོད་པ་ལྟར། ངས་རྡོ་རྗེ་གདན་དུ་གསུང་ཆོས་གནང་སྐབས་ཁ་པར་དང་དྲ་ལམ་ནས་དབང་དང་གསུང་ཆོས་ཞུ་མཁན་རྣམས་ལ་དབང་དང་གསུང་ཆོས་ཐོབ་ཀྱི་ཡོད་པར་བཤད་ཡོད་པ་བཞིན་དེ་ལ་ཡིད་ཆེས་ཡོད་སྐོར་གསུངས་སོང་། ཉེ་སྔོན་ཨ་རིའི་མཐོ་སློབ་ཞིག་ནས་བརྙན་ལམ་ནས་༧གོང་ས་མཆོག་དང་བགྲོ་གླེང་བྱུང་ཡོད་འདུག་པ་དང་མི་འགྱང་བར་ཐེ་ཝན་ནས་༧གོང་ས་མཆོག་དང་བརྙན་ལམ་གྱི་ཐོག་ནས་ཆོས་འབྲེལ་བྱ་རྒྱུ་ཞིག་ཐོ་བཀོད་ཡོད་པ་རེད་འདུག

དེ་བཞིན་༧གོང་ས་མཆོག་གིས་“ཆེན་པོ་ཧོར་གྱི་སོག་པོའི་ཆོས་གྲོགས་ཚོར་བརྙན་ལམ་ནས་སྐད་ཆ་བཤད་རྒྱུ་དེ་འགོ་དང་པོ་ཚུགས་ཡོད་པ་རེད། ངའི་གཟུགས་པོའི་ཆ་ནས་ད་བླ་རྒན་ཆགས་ཡོང་དུས་ཐག་རིང་པོ་ལ་གནམ་གྲུའི་ནང་འགྲོ་རྒྱུ་དེ་དཀའ་ངལ་འདུག ང་སྡོད་ས་འདིར་བསྡད། བརྙན་ལམ་ནས་སྐད་ཆ་བཤད་རྒྱུ་དེ་ང་དཀའ་ལས་མི་འདུག ཁྱེད་རང་ཚོ་རྒྱ་གར་ལ་འགྲོ་སོང་ཆེན་པོ་བཏང་ནས་ཡོང་མི་དགོས་པ་བྱེད། དེ་རིང་འགོ་ཚུགས་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་བརྙན་ལམ་ནས་སྐད་ཆ་བཤད་པ་ཡིན་ན། ང་ཡང་དགའ་བོ་ཞེ་དྲག་འདུག་”ཅེས་གསུངས་སོང་།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༨༢༨ ཀློག་གྲངས།