ཨེ་སི་ཏོ་ནཱི་ཡའི་སྲིད་བློན་གྱི་ལས་གནས་སུ་ཐེངས་དང་པོར་བུད་མེད་གཅིག་སླེབས་པ།

ཡུ་རོབ་ཨེ་སི་ཏོ་ནཱི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན། གུ་ཡངས་ཀྱི་ལྟ་བ་འཛིན་མཁན་ལེགས་བཅོས་སྲིད་དོན་ཚོགས་པར་འོས་གྲངས་མང་ཤོས་ཀྱི་རྒྱལ་ཁ་ཐོབ་ནས། ཚོགས་པ་དེའི་འགོ་ཁྲིད་ཀཱ་ཇཱ་ཀཱ་ལ་སེ་རྒྱལ་ཁབ་དེའི་བུད་མེད་སྲིད་བློན་ཐོག་མར་དེ་ཆགས་རྒྱུ་རེད་འདུག འོན་ཀྱང་རྒྱལ་ཁབ་དེའི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པར། སྐབས་སྔོན་མ་དང་མི་འདྲ་བར་འོས་གྲངས་མང་དུ་ཕྱིན་ཡོད་འདུག

ཟླ་༣ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༣ པའི་ཚེས་༣ ཉིན་འོས་འཕེན་པའི་འོས་ཆོས་ཚང་མཁན་ཨེ་སི་ཏོ་ནཱི་ཡ་མི་མང་བརྒྱ་ཆ་༦༣.༡ ཀྱིས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་འོས་ཤོག་འཕངས་འདུག་པ་དང་། གྲུབ་དོན་དུ་ཕྱོགས་འགལ་ལེགས་བཅོས་སྲིད་དོན་ཚོགས་པར་འོས་གྲངས་༢༨.༨ ཐོབ་ནས་འོས་གྲངས་མང་ཤོས་ཀྱི་རྒྱལ་ཁ་ཐོབ། གཞུང་འཛིན་ཚོགས་པར་འོས་གྲངས་བརྒྱ་ཆ་༢༣ ཐོབ་ནས་ཨང་གཉིས་པ་ཆགས་འདུག

དེ་བཞིན་ཉེ་བའི་ལོ་ཤས་ནས་ཡུ་རོབ་ནང་གི་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཁག་ལ། མི་མང་གི་ཚོགས་སྡེ་ཁག་ཅིག་ནས་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་ལྟར། ཨེ་སི་ཏོ་ནཱི་ཡའི་མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་མི་མང་རྙིང་ཞེན་སྲིད་དོན་ཚོགས་པར་ཡང་། འོས་གྲངས་བརྒྱ་ཆ་༡༧.༨ ཐོབ་ནས་སྐབས་སྔོན་མའི་འོས་བསྡུ་ལས་འོས་གྲངས་ཉིས་ལྡབ་ལས་མང་བ་འཕར་ཡོད་པ་དང་། སྲིད་དོན་ཚོགས་པ་དེས་དཔྱ་ཁྲལ་དང་ཐོན་ཟོག་ཁྲལ་མར་བཅག་རྒྱུ་དང་གནས་སྤོ་བ་ལ་ཁ་གཏད་ཀྱི་གཏམ་བཤད་ཤུགས་ཆེན་སྤེལ་བ་སོགས་བྱས་ནས་འོས་བསྡུའི་དྲིལ་བསྒྲགས་བྱས་ཡོད་འདུག

འོས་གྲངས་མང་ཤོས་ཐོབ་མཁན་ལེགས་བཅོས་སྲིད་དོན་ཚོགས་པས་གཞུང་འཛིན་པར། གྲོས་ཚོགས་ནང་གི་རྐུབ་སྟེགས་༡༠༡ ལས་དགོས་ངེས་ཀྱི་མང་མོས་རྐུབ་སྟེགས་གྲངས་༥༧ ལོན་མེད་པས། སྲིད་དོན་ཚོགས་པ་གཞན་དང་ཟླ་སྒྲིལ་གྱིས་གཞུང་འཛིན་ཚོགས་པ་བྱེད་དགོས་ཀྱི་ཡོད་པས། ལྕམ་ཀཱ་ལ་སི་ཡིས་མི་མང་རྙིང་ཞེན་སྲིད་དོན་ཚོགས་པ་ཕུད་པའི་སྲིད་དོན་ཚོགས་པ་གཞན་ཚང་མ། གཞུང་འཛིན་ཆེད་དུ་ཟླ་སྒྲིལ་བྱེད་ཡུལ་གྱི་གདམ་གའི་ཁོངས་སུ་ཡོད་སྐོར་བརྗོད་འདུག

རྒྱལ་ཁ་ཐོབ་མཁན་ལེགས་བཅོས་སྲིད་དོན་ཚོགས་པ་ཡིས། ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་དང་ལས་ཀ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་། རྒྱལ་ཁབ་དེའི་ནང་ཨུ་རུ་སུའི་གྲངས་ཉུང་མི་རིགས་དང་འབྲེལ་ནས། སློབ་གྲྭ་ཁག་ནང་ཨུ་རུ་སུ་དང་ཨེ་སི་ཏོ་ནཱི་ཡའི་སྐད་ཡིག་གཉིས་ཀ་སློབ་ཁྲིད་བྱེད་རྒྱུ་ཡོད་པ་དེ་བཀག་སྡོམ་བྱེད་རྒྱུའི་འཆར་གཞི་ཡོད་འདུག་པས། འཆར་གཞི་དེ་ལ་མི་མང་རྙིང་ཞེན་ཚོགས་པས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག འོན་ཀྱང་འཆར་གཞི་དེར་ད་ལྟའི་གཞུང་འཛིན་ཚོགས་པས་རྒྱབ་སྐྱོར་བྱེད་ཀྱི་མེད་འདུག རྒྱལ་ཁབ་དེའི་ནང་གཞུང་འབྲེལ་སྐད་ཡིག་ཨེ་སི་ཏོ་ནཱི་ཡའི་སྐད་ཡིག་ཡིན་ཡང་། ཨུ་རུ་སུ་དང་ཡུ་ཀེ་རན། བྷེ་ལ་རུ་སུ། དེ་བཞིན་ཧྥེན་ལན་ཌ་དང་མི་རིགས་གཞན་བཅས་ཀྱི་གྲངས་ཉུང་མི་རིགས་རྣམས་ཀྱི་མི་འབོར་དེ། རྒྱལ་ཁབ་ཀྱི་མི་འབོར་ལས་བརྒྱ་ཆ་༣༢ ཙམ་ལོན་གྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༠༨༢ ཀློག་གྲངས།