རྒྱ་གཞུང་གིས་ནང་སོག་དང་ཤིན་ཅང་ལ་སྤུས་ཚད་མཐོ་བའི་གོམ་སྟབས་གསར་པ་སྤོས་ཡོད་ཟེར།

ཟླ་འདིའི་ཚེས་༣ ལ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་ཞེས་པ་པེ་ཅིང་དུ་འཚོགས་ཡོད་པ་དང་། སྐབས་དེར་ནང་སོག་ཏུ་ངར་ལྕགས་དང་རྡོ་སོལ་ཐོན་སྐྱེད་བྱས་ནས་དཔལ་འབྱོར་སོགས་ཡར་རྒྱས་གཏོང་ཚུལ་དང་དམངས་སེམས་གཅིག་ཏུ་སྒྲིལ་ནས་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱས་ཡོད་པར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཀྲུང་གོའི་བོད་ལྗོངས་དྲ་བའི་ནང་དུ་གནས་ཚུལ་སྤེལ་གསལ། ཁ་སང་ནས་རྒྱ་ནག་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ཞེས་པ་འཚོགས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་༢༠༡༨ ལོར་ཚོགས་ཆེན་ཐེངས་དང་པོའི་ནང་དུ་ནང་སོག་དང་ཤིན་ཅང་གི་དཔལ་འབྱོར་ཡར་རྒྱས་སྤྱི་ཚོགས་གཏན་ལྷིང་སོགས་ཀྱི་ཐད་ལ་བླང་བྱ་བཏོན་པ་རྣམས་གྲུབ་འབྲས་སོན་པར་བརྗོད་པ་ཡོད་པ་མ་ཟད། ནང་སོག་རང་སྐྱོང་ལྗོངས་ཀྱི་ནང་དུ་ངར་ལྕགས་དང་རྡོ་སོལ་ཐོན་སྐྱེད་བྱས་ཏེ་པའོ་ཀང་ཞི་ཐུའུ་སོགས་ཀྱི་ངར་ལྕགས་རྒྱལ་ཁབ་དྲུག་ཅུ་རེ་གཉིས་ལ་ཕྱིར་གཏོང་བྱས་ཡོད་པར་བརྗོད་པ་དང་། དེའི་ཁྲོད་རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བཞི་བཅུ་ཞེ་དྲུག་ཟིན་ཞིང་། དེ་དག་ལ་བྲིན་འཚོང་བྱེད་ཚད་རིམ་རྩིས་བྱས་ན་ཏུན་ས་ཡ་གཅིག་དང་དྲུག་འབུམ་དྲུག་ཁྲི་ལས་བརྒལ་ཡོད་ཚུལ་སོགས་ཀྱིས། ནང་སོག་གི་དཔལ་འབྱོར་བརྗེ་སྒྱུར་གོང་འཕེལ་ཐུབ་རྒྱུར་ཕན་ཐོགས་ཤུགས་ཆེན་ཐོན་ཡོད་ཚུལ་བརྗོད་ཡོད་པ་རེད།

ཤིན་ཅང་གི་སྤྱི་ཚོགས་ཛ་དྲག་ནི་བོད་དང་འདྲ་བར་ད་ཤག་འཛམ་བུ་གླིང་གིས་དོ་སྣང་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། ཚོགས་ཆེན་ཐོག་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱན་འཁྱོངས་བྱུང་སྟེ། ཤིན་ཅང་གི་ཡུལ་སྐོར་ལས་རིགས་འཕར་སྣོན་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་། མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་སྣོན་བྱུང་ཚུལ། སྤྱི་ལོ་༢༠༡༨ ལོར་ཤིན་ཅང་གིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལ་སྣེ་ལེན་ཞུས་ཏེ་བརྒྱ་ཆ་༤༠འཕར་ཡོད་ཅེས་དང་། ད་ལོའི་དཔྱིད་གསར་དུས་ཆེན་གྱི་རིང་། ཤིན་ཅང་ལྷོ་བྱང་གཉིས་ཀྱིས་ཡུལ་སྐོར་སྣེ་ལེན་ཞུས་པའི་མི་གྲངས་དང་ཡུལ་སྐོར་ཡོང་འབབ་གཉིས་ཀ་བརྒྱ་ཆ་༧༠འཕར་ཡོད་པ། ལོ་ལྟར་ལས་བྱེད་པ་བདུན་ཁྲི་གྲོང་ཚོ་དང་སྡེ་ཁུལ་དུ་ཕྱིན་ནས་མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། དབུལ་སྐྱོར་དཀའ་གྲོལ་གྱིས་དཀའ་གནད་སེལ་བ་བཅས་བྱས་ཡོད་པ་དང་། གནས་སྤོས་དབུལ་སྐྱོར་ནས་དམངས་ཡོངས་ཀྱི་གཟུགས་པོའི་བདེ་ཐང་བརྟག་དཔྱད་དང་། རིན་མེད་རྩལ་ནུས་གསོ་སྐྱོང་ནས་ངལ་ནུས་སྤོ་སྒྱུར་ལས་ཞུགས་བར་ལ་ཤིན་ཅང་མི་དམངས་ཀྱི་འཚོ་བ་ཡག་ཏུ་ཕྱིན་ཡོད་པ་དང་། དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད་ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༦༨༠ ཀློག་གྲངས།