རྒྱ་ནག་གཞུང་གིས་བོད་ཀྱི་གྲྭ་བཙུན་ཚོར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས་ཟེར།

བོད་ཀྱི་གསུམ་བཅུའི་སྒེར་ལངས་དུས་དྲན་སླེབས་ལ་ཉེ་བ་དང་། བོད་ཀྱི་ས་གནས་ཚང་མར་རྒྱ་ནག་གཞུང་གོས་དམ་དྲག་ཆེ་རུ་བཏང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་ཟེར་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཞེས་པ་གཉིས་འབྲས་སྤུངས་དགོན་དང་། ལྷ་ལྡན་གཙུག་ལག་ཁང་། བར་སྐོར། ར་མོ་ཆེ་གཙུག་ལག་ཁང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་སོགས་སུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཟེར་བའི་ཆེད་དུ་བསྐྱོད་ཡོད་པ་རེད།

ཏིང་ཡེ་ཤན་ཟེར་བས་མུ་མཐུད་བརྗོད་དོན། “ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། རྒྱ་ཆེའི་གྲྭ་བཙུན་བཅས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཚད་གཞི་བཞི་བརྩི་སྲུང་ཞུ་ཡུལ་དང་ཕྱོགས་སྟོན་གཙོ་བོར་བརྩིས་ནས་ཞི་ཅིན་ཕིང་གི་རྗེས་སུ་འབྲང་བ་དང་། ཉེ་བར་བཅར་བ། བརྩི་བཀུར་ཞུ་བ་བཅས་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ཐུབ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཚོད་འཛིན་གང་ཐུབ་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་”པར་བརྗོད་ཡོད་པ་རེད།

ད་དུང་“རྒྱ་ཆེའི་དགེ་འདུན་པ་ཚོས་དད་ལྡན་མང་ཚོགས་ལ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་དང་གཏོར་བཤིག་བྱེད་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་ནས་སྔ་བར་ཕྱི་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་ཕྱོགས། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད”ཅེས་བརྗོད་འདུག་ཀྱང་། ཁོང་ཚོས་དགེ་འདུན་པ་ཚོ་ལ་དེ་བཞིན་བཤད་བཅུག་པ་དང་སློབ་གསོ་ཁྲིད་སྟོན་དེ་ལྟར་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད་པའི་གནས་ཚུལ་ཡོད་པ་མ་ཟད། བོད་མི་སྒེར་ལངས་བྱས་ནས་ལོ་༦༠ འཁོར་བ་དང་། གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་བོད་ཀྱི་ས་གནས་ཁག་ཏུ་རྒྱ་ནག་གཞུང་གིས་སྔར་ལྷག་དམ་དྲག་བྱས་ཏེ། ཡུལ་སྐོར་བ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ལ་དོ་དམ་ནན་པོ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༣༢༨ ཀློག་གྲངས།