མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་༢༠ ནང་རྒྱ་གར་གྱི་གྲོང་ཁྱེར་༡༥ ཡོད་འདུག

རྒྱལ་ཁབ་༧༣ ནང་གི་གྲོང་ཁྱེར་༣༠༠༠ ལས་མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་༢༠ ཡི་ནང་དུ་རྒྱ་གར་གྱི་གྲོང་ཁྱེར་༡༥ ཚུད་ཡོད་པ་དང་། རྒྱལ་ཁབ་གཞིར་བཟུང་གི་ཐོ་གྲངས་ནས་རྒྱ་གར་ཨང་གསུམ་པ་དང་རྒྱ་ནག་ཨང་༡༢ ཡིན་འདུག

ཟླ་༣ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། མཁའ་རླུང་གི་སྤུས་ཚད་རྟོག་ཞིབ་བྱེད་ཆེད་ཀྱི་འཕྲུལ་ཆས་བཟོ་སྐྲུན་བྱེད་མཁན་གྱི་ཚོང་ལས་ཁང་ཞིག་དང་། འཛམ་གླིང་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཚོགས་པ་ཆེ་ཤོས་ལྗང་ཁུ་ཚོགས་པ་གཉིས་མཉམ་ལས་ཐོག རྒྱལ་ཁབ་མི་འདྲ་བ་༧༣ ནང་གི་གྲོང་ཁྱེར་༣༠༠༠ ནང་། མཁའ་རླུང་གི་སྤུས་ཚད་རྟོག་ཞིབ་བྱེད་པའི་འཕྲུལ་ཆས་སྒྲིག་འཇོག་བྱས་ཏེ་སྙན་ཐོ་ཞིག་བཏོན་ཡོད་འདུག

སྙན་ཐོའི་ནང་ཕྱི་ལོ་༢༠༡༨ ལོར་གྲོང་ཁྱེར་ཁག་དང་རྒྱལ་ཁབ་ཁག་གི་ཁྲོད། མཁའ་རླུང་བཙོག་ཤོས་ཀྱི་གྲངས་ཐོ་ཞིག་བཏོན་འདུག་པ་དང་། འཛམ་གླིང་ནང་མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འགྲམ་དུ་ཡོད་པའི་གྷུ་རུ་གྷེ་རམ་མམ་གྷུར་གྷོང་ཡིན་ཁར། མཁའ་རླུང་བཙོག་ཤོས་ཀྱི་གྲོང་ཁྱེར་༢༠ ཡི་གྲངས་ཐོའི་ནང་རྒྱ་གར་གྱི་གྲོང་ཁྱེར་༡༥ ཡོད་འདུག དེའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨང་རིམ་༡༡ དང་དེ་བཞིན་རྡོ་རྗེ་གདན་ཆགས་ཡུལ་གྷ་ཡ་གྲོང་ཁྱེར་ཨང་རིམ་༡༨ པ་རེད་འདུག ཕྱི་ལོ་༢༠༡༨ ལོར་རྒྱ་ནག་ནང་གི་གྲོང་ཁྱེར་ཁག་གི་ནང་མཁའ་རླུང་ནང་མིའི་འཕྲོད་བསྟེན་ལ་ཉེན་ཚབས་བཟོ་མཁན་གྱི་རྡུལ་རྫས་དེ་བརྒྱ་ཆ་༡༢ ཀྱིས་ཉུང་དུ་ཕྱིན་ནས། རྒྱལ་ས་པི་ཅིང་དེ་མཁའ་རླུང་བཙོག་ཤོས་ཨང་རིམ་༡༢༢ པ་དེ་ཆགས་ཡོད་འདུག

རྒྱལ་ཁབ་ཁག་གི་ཁྲོད་དུ་ཁྱོན་ཡོངས་ནས་མཁའ་རླུང་བཙོག་ཤོས་གསུམ་ནི་བྷང་ལ་ཌེ་ཤི་དང་། པ་ཀི་སི་ཐན། རྒྱ་གར་བཅས་ཡིན་ཁར། རྒྱ་ནག་ཨང་རིམ་༡༢ པ་དང་། དེ་བཞིན་མཁའ་རླུང་གཙང་ཤོས་དེ་ཡུ་རོབ་ཀྱི་རྒྱལ་ཁབ་ཨཱེ་སི་ལན་ཌ་ཡིན་འདུག

ལོ་སྔོན་མར་མཉམ་འབྲེལ་གྱི་རྒྱལ་ཁབ་ཀྱི་ཁོར་ཡུག་ལྷན་ཚོགས་ཀྱིས་བཏོན་པའི་སྙན་ཐོ་ཞིག་ནང་། ལོ་རེར་མཁའ་རླུང་འབག་བཙོག་གིས་མི་གྲངས་ས་ཡ་༧ གསོད་ཀྱི་ཡོད་སྐོར་བརྗོད་ཡོད་ཁར། འཛམ་གླིང་འཕྲོད་བསྟེན་ཚོགས་པས་བཏོན་པའི་སྙན་ཐོའི་ནང་ཕྱི་ལོ་༢༠༡༧ ལོར་རྒྱ་གར་ནང་མཁའ་རླུང་འབག་བཙོག་རྐྱེན་པས་མི་གྲངས་ས་ཡ་༡.༢༤ ཤི་ཡོད་འདུག དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བྱིས་པ་ཉེན་སྐྱོབ་ཐེབས་རྩ་ཁང་གིས་བཏོན་པའི་སྙན་ཐོའི་ནང་། མཁའ་རླུང་འབག་བཙོག་གིས་བྱིས་པའི་ཀླད་པར་བཅོས་ཐབས་མེད་པའི་གནོད་སྐྱོན་ཚབས་ཆེན་བཟོ་བའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

འདི་ལོའི་ཟླ་༡ པོའི་ནང་རྒྱ་གར་དབུས་གཞུང་གིས་ལོ་ལྔའི་རིང་རྒྱལ་ཁབ་ཀྱི་མཁའ་རླུང་གཙང་བཟོའི་ལས་གཞི་སྒོ་འབྱེད་བྱས་ཡོད་ཀྱང་། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཚོས་ལས་གཞི་དེར་རོགས་དངུལ་འདང་ངེས་ཤིག་མེད་ཁར། ལས་དོན་སྤེལ་ཕྱོགས་ཀྱི་འཆར་གཞི་གསལ་པོ་མེད་པའི་སྐྱོན་བརྗོད་བྱས་ཡོད་འདུག རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་རན་ཡོད་ཀྱང་། ཆབ་སྲིད་པ་ཕལ་ཆེ་བས་མཁའ་རླུང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐོར་སྐད་ཆ་བཤད་ཀྱི་མེད་ཁར། མི་མང་ཕོན་ཆེན་ཞིག་གིས་མཁའ་རླུང་འབག་བཙོག་གི་དཀའ་ངལ་དེ་རྒྱལ་ས་ལྡི་ལི་གཅིག་པུར་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༨༦༣ ཀློག་གྲངས།