དབྱིན་ཡུལ་གྱི་གྲོང་ཁྱེར་ནོར་ཐམ་ཊོན་དུ་ལོ་འཁོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ལས་འགུལ།

དབྱིན་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་ནོར་ཐམ་ཊོན་དུ་གྲོང་ཁྱེར་དེའི་ནང་ལོ་ངོ་༢༠ གོང་ནས་བཟུང་ལོ་ལྟར་ཕྱི་ཟླ་གསུམ་པའི་ནང་གསུམ་བཅུའི་དུས་དྲན་གྱི་དུས་སྐབས་དང་བསྟུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་ནས་བོད་དང་བོད་མིར་གདུང་སེམས་མཉམ་སྐྱེ་གནང་བཞིན་ཡོད་པ་རེད།

ཟླ་འདིའི་ཚེས་༥ ཉིན་དབྱིན་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་ནོར་ཐམ་ཊོན་དུ་ལོ་འཁོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཞེས་པའི་ལས་འགུལ་ཐེངས་༢༠  སྤེལ་ཡོད་པ་དང་། ལས་འགུལ་མཛད་སྒོའི་ཐོག གྲོང་ཁྱེར་དེའི་སྤྱི་ཁྱབ་པ་སྐུ་ཞབས་ཊོ་ནི་ཨན་སལ་(Tony Ansell) གཙོས་སྐུ་མགྲོན་རྣམས་དང་། ལས་འགུལ་གོ་སྒྲིག་གནང་མཁན་གཙོ་བོ་ཡིན་པའི་ལྕམ་སྐུ་ཀེ་རོ་ལིན་སི་ཀེ་ཊར་གུ་ཌི་(Caroline Scattergood)  ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་སོགས་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

སྐབས་དེར་ཨིན་ཡུལ་སྐུ་ཚབ་དོན་ཕར་སི་བསོད་ནམས་ཚེ་རིང་གིས་གྲོང་ཁྱེར་སྤྱི་ཁྱབ་པས་གཙོས་སྐུ་མགྲོན་རྣམ་པ་དང་མང་ཚོགས་བཅས་ལ་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཆེད་ཕེབས་གནང་བ་དང་། ལྷག་པར་ལས་འགུལ་གོ་སྒྲིག་གནང་མཁན་གཙོ་བོ་ལྕམ་སྐུ་ཀེ་རོ་ལིན་སི་ཀེ་ཊར་གུ་ཌིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་རེད། དཀའ་ངལ་ལ་མ་ལྟོས་པར་གྲོང་ཁྱེར་དེའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་གོ་སྒྲིག་གནང་བར་བཀའ་དྲིན་ཆེ་ཞུས། ཨིན་ཡུལ་གྱི་གྲོང་ཁྱེར་ཆེ་གྲས་ནོར་ཐམ་ཊོན་ནང་ལོ་ལྟར་ཕྱི་ཟླ་༣ ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དེ་བཞིན་བོད་མི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཞིག་ཡིན་པ་མཚོན་གྱི་ཡོད། གལ་ཏེ་བོད་ནང་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་ཡིན་ན་རྒྱ་ནག་གཞུང་གིས་ཁྲིམས་འགལ་དུ་བརྩིས་ནས་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། དེ་རིང་འདིར་ཚང་འཛོམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ལམ་ནས་བོད་ནང་ཡོད་པའི་བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་གནང་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།

གྲོང་ཁྱེར་སྤྱི་ཁྱབ་པའི་ལས་ཁུངས་སུ་ཨིན་ཡུལ་དོན་གཅོད་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་རྣམ་གཉིས་ལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་གནང་བ་དང་། ཁོང་གཉིས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་པ་དང་། ལས་འགུལ་གོ་སྒྲིག་པར་ཐུགས་རྗེ་ཆེ་ཞུའི་མཚོན་སླད་མཇལ་དར་དང་། དྲན་རྟེན་ཕྱག་རྟགས་ཤིག་ཕུལ་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༤༩༠ ཀློག་གྲངས།