རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས་བོད་ནང་དམ་དྲག

ཚོགས་ཆེན་སྐབས་སུ་བོད་ནང་དུ་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད་མང་ཚོགས་དང་ལས་བྱེད་ལ་བརྙན་འཕྲིན་ལམ་ནས་ཚོགས་ཆེན་ཐད་གཏོང་ལ་ལྟ་འཇུག་གི་ཡོད་པ་རེད།

ཟླ་༣ པའི་ཚེས་༥ ཉིན་གྱི་སྔ་དྲོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་ཟེར་བ་པེ་ཅིང་འཚོགས་ཡོད་པ་དང་།  སྐབས་དེར་བོད་ལྗོངས་ས་གནས་ཁག་གི་ལས་བྱེད་དང་མང་ཚོགས་ཁག་ཅིག་ལ་བརྙན་འཕྲིན་ནས་ཚོགས་ཆེན་ལྟ་བཅུག་སྟེ་པར་རིས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད།

གཞན་ཡང་བརྒྱུད་ལམ་གཞན་ནས་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་རྒྱལ་ས་ལྷ་སར་ཡོང་མཁན་ཚོར་དམ་དྲག་བྱེད་ཀྱི་ཡོད་པ་དང་།  ཕྱི་ཟླ་གསུམ་པའི་ཚེས་མགོ་ནས་བཟུང་ཁམས་སྡེ་དགེ་རྫོང་ཕྱོགས་སུ་རྒྱ་ནག་གཞུང་གིས་དམ་དྲག་གི་རྣམ་པ་ཇེ་ཆེར་བཏང་སྟེ་བོད་མི་རྣམས་ས་གནས་གཞན་དུ་འགྲོ་བསྐྱོད་མི་ཆོག་པ་མ་ཟད། བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་མོར་གྲོང་སྡེ་ཕན་ཚུན་གྱི་བར་ལ་ཡང་འགྲོ་འོང་བྱེད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་འདུག དེ་བཞིན་ཉེན་རྟོག་པ་འགྲེམ་འཇོག་དང་སྤྱི་ཚོགས་དྲ་ལམ་བཀག་འགོག་བྱ་རྒྱུ་ཡིན་པའི་སྐད་ཆ་ཞིག་ཁྱབ་བཞིན་པའི་གནས་ཚུལ་འདུག

དེ་ཡང་གསུམ་བཅུའི་དུས་དྲན་མ་ཡོལ་བར་དུ་སྡེ་དགེ་རྫོང་ཁོངས་ཀྱི་བོད་མི་རྣམས་ས་གནས་གཞན་གང་དུ་ཡང་འགྲོ་བསྐྱོད་མི་ཆོག་པར་རང་ཁྱིམ་དུ་སྡོད་དགོས་པ་དང་། ལྷག་པར་དུ་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་མོར་རྒྱལ་ཁབ་ཀྱི་ཉེན་རྟོག་པ་མང་པོ་འགྲེམ་འཇོག་ཐོག་གྲོང་སྡེ་ཕན་ཚུན་གྱི་ནང་ལ་ཡང་འགྲོ་བསྐྱོད་མི་ཆོག་པ་བཟོས་ཡོད་སྐོར་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ཚོས་བཀའ་རྒྱ་བཏང་ཡོད་འདུག་ལ།  སྤྱི་ཚོགས་དྲ་ལམ་ཁག་ཀྱང་བཀག་འགོག་བྱེད་རྒྱུ་ཡིན་པའི་སྐད་ཆ་ཞིག་ཁྱབ་བཞིན་འདུག

གཞན་ཡང་བོད་ཀྱི་ས་གནས་འགའ་ཤས་ཀྱི་མི་ཚོས་ད་སྐབས་གནམ་གཤིས་ཉིན་རེར་གྲང་དུ་གྲང་དུ་རེད་འདུག་པས་སྐད་ཆ་བཤད་བདེ་བོ་མེད་པར་ཤོད་ཀྱི་ཡོད་འདུག་པ་དང་། དེ་མིན་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་བོད་རིགས་སློབ་མ་ཡོད་སའི་སློབ་ཆེན་ཁག་གི་བོད་པའི་དགེ་རྒན་ཚོར་བོད་ཕྲུག་སློབ་མ་ཚོར་གསུམ་བཅུའི་དུས་དྲན་གྱི་གཡས་གཡོན་དུ་ཚོུད་༢༤ རིང་ལྟ་རྟོག་ནན་པོ་བྱེད་དགོས་པའི་བཀའ་རྒྱ་ཡང་བཏང་བ་མ་ཟད། གཞུང་གིས་བོད་ལྗོངས་ཡོངས་ཀྱི་རིམ་ཁག་རིགས་ཁག་གི་སློབ་གྲྭའི་དགེ་རྒན་དཔུང་ཁག་ཁྲོད་ཆབ་སྲིད་རིག་གཞུང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཡོད་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༥༦༠ ཀློག་གྲངས།