གཞིས་བྱེས་བོད་མིའི་རེ་འདུན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༡  ཕྱི་ལོ་ ༢༠༡༩/༣ /༦

ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་དགོས་པ་དེ་གཞིས་བྱེས་བོད་མི་ཡོངས་ཀྱི་རེ་འདུན་རེད་ལ། དེའི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱེད་མཁན་ཡང་མང་པོ་ཡོད་པ་སྨྲོས་མི་དགོས་པ་རེད། འོན་ཀྱང་དད་པ་ཆེ་དྲགས་ནས་ཡིན་མིན་བཤད་ཚོད་མི་ཐིག་ནའང་། ད་དུང་༧གོང་ས་མཆོག་ཡར་མར་གདན་འདྲེན་ཞུ་མཁན་མང་པོ་ཡོད་པས། ཉེ་ཆར་བརྟན་བཞུགས་ཤིག་གི་སྐབས་༧གོང་ས་མཆོག་གིས་“ཁ་ཉིན་ལ་དྭགས་ལ་ཡོད་དུས་ཆོས་གྲོགས་ཚོས་ཡར་ཤོག་མར་ཤོག་མང་པོ་ཟེར་གྱི་འདུག དེའི་སྐབས་ངས་༧རྒྱལ་བ་རིན་པོ་ཆེ་བྲེལ་བ་མེད་པར་ཚེ་རིང་པོ་དགའ་ས་རེད། བྲེལ་བ་ཆེན་པོ་དང་ཚེ་ཐུང་ཐུང་དགའ་ས་རེད་ལབ་ཡིན། དགེ་འདུན་གྲུབ་ཀྱི་དགུང་ལོའི་ཚད་ལ་སླེབས་བསྡད་ཡོད་པས། ད་བླ་རྒན་ལྷོད་ལྷོད་འདུག་རྒྱུའི་དུས་ཚོད་ལས། ཕར་ཤོག་ཚུར་ཤོག དཔེ་ཆ་ཅིག་ཅིག་མིག་མིག་ཁྲིད་རོགས་ཟེར་བ་ཉུང་དུ་བཏང་ནས་ང་བག་དྲོ་པོ་བསྡད་ནས་ལྷོད་ལྷོད་དགོས་པ་གལ་ཆེན་པོ་འདུག་”ཅེས་བསྐྱར་དུ་གསུངས་འདུག

བདག་ཅག་གི་མགོན་དཔུང་དུ་བཞུགས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ལོ་འདིར་བོད་ལུགས་ལྟར་ན་དགུང་གྲངས་༨༥ རུ་ཕེབས་འགྲོ་གི་ཡོད་པས། མི་སུ་འདྲ་ཞིག་ཡིན་ནའང་དགུང་ན་མཐོན་པོ་འདི་ལྟ་བུར་ཕེབས་ཟིན་པའི་རྗེས་སུ་སྐུ་ངལ་གསོ་དགོས་པ་དང་སྐུ་ལྷོད་བཞུགས་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཕགས་མཆོག་སྤྱན་རས་གཟིགས་བསམ་བཞིན་མི་ཡི་རྣམ་རོལ་དུ་ཕེབས་པ་ཞིག་ཡིན་ནའང་། གདུལ་བྱའི་སྣང་ངོར་མི་ཡི་ཤ་ཚུགས་སུ་ཕེབས་ཡོད་སྟབས། མི་དང་གཅིག་མཚུངས་བཞིན་དགུང་ནའི་བབས་ལ་གཞིགས་ནས་སྐུ་ངལ་གསོ་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་བོད་པའི་སྤྱི་མཐུན་གྱི་བསོད་ནམས་ཟད་མཐར་ཐུག་མེད་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་ཞིང་གཞེས་ནས་བཞུགས་ཡོད་པ་དེ་བསྐལ་པ་བཟང་པོ་ཡིན་པ་ཚང་མས་ཤེས་དགོས་པ་དང་། མ་འོངས་པར་རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་བསྟན་པ་ལྟ་བུའི་གནས་ཚུལ་ངན་པ་རེ་བྱུང་ན་བོད་མི་ཚང་མ་ཉ་མོ་བྱེ་ཚན་དུ་ལྷུང་པ་ལྟ་བུ་ལས་ཅི་བྱ་གཏོལ་བྲལ་དུ་གྱུར་པ་རེད།

དེར་བརྟེན་ད་ལྟའི་ཆར་བོད་པ་སྤྱི་དང་ལྷག་པར་དུ་༧གོང་ས་མཆོག་གི་མཛད་རིམ་བཟོ་འགོད་དང་འབྲེལ་བ་ཡོད་མཁན་དང་། གདན་ཞུ་འབུལ་མཁན་ཚང་མས་དེ་ལུགས་ཀྱིས་དགོངས་བཞེས་གནང་དགོས་པ་ལས། ང་ཚོས་གོ་སྒྲིག་ཞུས་པའི་གསུང་ཆོས་དེ་གལ་ཆེན་པོ་ཡིན་པ་ལས། གཞན་༧གོང་ས་མཆོག་གི་མཛད་རིམ་ཉུང་འཕྲི་དགོས་པའི་བསམ་ཚུལ་འདོན་པ་ནི་དོན་གྱིས་མ་དྲང་བ་ཡིན་པས། གལ་ཆེ་བ་ཚང་མ་གཅིག་མཚུངས་ཡིན་ནའང་། གཅིག་མཚུངས་བཞིན་དགོངས་པ་བཞེས་དགོས་པ་དེར་བསམ་ཤེས་བྱེད་དགོས། གནད་དོན་དེའི་སྐོར་ལ་༧གོང་ས་མཆོག་སྐུ་ཉིད་ཀྱི་ཞལ་ནས་ཐེངས་གཉིས་བཀའ་བསྩལ་ཟིན་པས། དེ་ལ་དགོས་པ་དང་དགོངས་གཞི། དྲང་དོན་དང་ངེས་དོན་ཞེས་འགྲེལ་བཤད་མང་པོ་མི་དགོས་པར་ཚང་མས་མཁྱེན་གསལ་དུ་གྱུར་ཡོད། སྐབས་རེར་དད་ལྡན་མི་མང་ཞལ་མཇལ་རེ་དང་ཆོས་འབྲེལ་ཉུང་ངུ་རེ་གནང་དགོས་པ་དང་། ལྷག་པར་དུ་བོད་ནས་ཆེད་དུ་ཕེབས་པ་རྣམས་ལ་དེ་བས་ཀྱང་ད་མུས་བཞིན་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་རེ་གནང་དགོས་པ་དེ་ད་ལྟའི་ཆར་བཟློག་དཀའ་ནའང་། གཞན་སྐུ་ངལ་གསོ་ཕྱོགས་སྐོར་ལ་དགོངས་པ་བཞེས་དགོས།

འཛམ་གླིང་སྤྱི་དང་ལྷག་པར་བོད་པའི་སྤྱི་ཚོགས་ལ་༧གོང་ས་མཆོག་གི་ཤུགས་རྐྱེན་དང་གུས་བརྩི་ནི་ཚད་ལས་བརྒལ་བ་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་ཞལ་བཞུགས་བསྡད་པ་ཙམ་གྱིས་ཕན་རླབས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ནི་སྨྲོས་མི་དགོས་པ་རེད། ད་ལྟ་ཙམ་མ་ཡིན་པར་འདས་པའི་ལོ་རྒྱུས་ནང་དུའང་དེ་ལྟ་བུའི་རྒྱུ་མཚན་ལ་བརྟེན་ནས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོ་གཤེགས་ཟིན་ནའང་མི་ལོ་བཅུ་བཞི་ཙམ་ལ་གསང་བ་གནང་བར་རྒྱབ་ལྗོངས་མང་པོ་ཞིག་ཡོད་སྲིད་ནའང་། གཙོ་བོ་༧གོང་ས་ལྔ་པ་ཆེན་པོའི་ཤུགས་རྐྱེན་དང་ནུས་པ་ལ་བརྟེན་ནས་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་ཀྱི་ལས་གཞི་ལེགས་འགྲུབ་ཐུབ་པ་བྱ་རྒྱུ་སོགས་ཀྱི་ཆེད་དུ་དམིགས་ཡོད་ངེས་རེད། ད་ལྟའི་ཆར་༧གོང་ས་མཆོག་སྐུ་དངོས་སུ་བཞུགས་ཡོད་སྟབས་མཛད་རིམ་མང་པོ་ཞིག་ཆེད་དུ་མ་བཟོས་ཀྱང་། གཟི་བརྗིད་དང་མཚན་སྙན་མི་མང་གི་གུས་བརྩི་བཅས་ལ་བརྟེན་ནས་མཛད་ཕྲིན་རྒྱས་ངེས་ཡིན་པས། སྐུ་དངོས་ཀྱི་མཛད་རིམ་ཉུང་འཕྲི་དང་ལྷག་པར་དུ་རྒྱུན་རིང་པོར་གསུང་ཆོས་གནང་རྒྱུ་ལྟ་བུའི་རིགས་ལ་འབྲེལ་ཡོད་ཚང་མས་དགོངས་པ་བཞེས་དགོས།

མདོར་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་གཞིས་བྱེས་གཉིས་ཀྱི་རེ་བའི་མིག་འབུར་གཏོད་ས་གཅིག་པུ་དེ་ཡིན་པ་དང་། ཁོང་གི་སྐུ་ཚེ་ཡུན་དུ་བརྟན་མིན་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་བ་ཡོད་པས། དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་རྣམ་པ་དང་། དགོན་སྡེ་ཁག་དང་ཆོས་ཚོགས་ཁག་སོགས་གདན་ཞུ་འབུལ་མཁན་ཚང་མས། གོང་དུ་དྲངས་པ་བཞིན་༧གོང་ས་མཆོག་གིས་ཞལ་ནས་གསུངས་པའི་བཀའ་སློབ་དེ་ཉིད་གུས་བརྩི་དང་ལེན་དང་འབྲེལ་བའི་ཐོག་ནས་དེ་ལུགས་ཀྱིས་དགོངས་བཞེས་གནང་དགོས་པ་གལ་ཆེ་བ་དང་། མི་དཀྱུས་མ་ཞིག་ལ་མཚོན་ན་བསམ་ཚུལ་འདི་ལྟ་བུ་བརྗོད་པ་ཙམ་ལས་མཛད་རིམ་ཁག་ལ་ཤུགས་རྐྱེན་དང་འགན་དབང་གང་ཡང་མེད་པར། གཙོ་ཆེ་ཤོས་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་སྣེ་བ་རྣམ་པ་ཁོ་ནར་རག་ལས་པ་ཞིག་རེད། གནད་དོན་འདིའི་ཐོག་ལ་བོད་མི་ཚང་མ་མ་གྲོས་བསམ་པ་གཅིག་མཐུན་ཡིན་པ་དང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་མཇལ། གསུང་ཐོས། སྐྱབས་འོག་ཏུ་གནས་པའི་ད་ལྟ་བོད་ཀྱི་མི་རབས་འདི་ལ་མཚོན་ན་ལས་ངན་ནང་གི་ལས་བཟང་ཞིག་ཏུ་གྱུར་ཡོད།།

Share this:
༡༩༧ ཀློག་གྲངས།