གསུམ་བཅུའི་དུས་དྲན་སྐབས་ཨོ་སི་ཁྲོ་ལི་ཡའི་ས་གནས་གཞུང་གིས་བོད་ཀྱི་རྒྱལ་དར་འཕྱར།

ཟླ་འདིའི་ཚེས་༨ ཉིན་ཨོ་སི་ཁྲོ་ལི་ཡའི་སི་ནེ་གྲོང་ཁྱེར་རི་སྔོན་པོ་ཞེས་པའི་ས་གནས་སུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༦༠ པ་དེ་ཉིན་གཉིས་སྔ་བསྣུར་གྱིས་སྲུང་བརྩི་བྱས་པ་དང་། ས་གཞུང་གི་ལས་ཁུངས་སྒོ་རུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་རེད། དུས་དྲན་སྔ་བསྣུར་དགོས་དོན་ཚེས་བཅུ་ཉིན་གཟའ་ཉི་མར་ཁེལ་བས། ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པས་ཡིན་པ་རེད།

ཨོ་སི་ཁྲོ་ལི་ཡར་གནས་སྡོད་ཤེལ་དགེ་ཡིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། བོད་མི་ཚོས་རི་སྔོན་པོ་ཁུལ་གྱི་གཞུང་གི་དཔོན་རིགས་དང་གྲོས་ཚོགས་འཐུས་མི་ཚོར་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ཀྱི་དཀའ་ཡར་ཞུ་བོད་དོན་རྒྱབ་སྐྱོར་དགོས་པའི་རེ་ཞུ་ཐེངས་མང་བྱས་མཐར། གསུམ་བཅུའི་དུས་དྲན་སྐབས་ས་གནས་གཞུང་གི་སྒོ་རུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་རྒྱུ་གཏན་འབེབས་བྱས་ཡོད་པ་རེད།

ཉིན་དེའི་མཛད་སྒོའི་ཐོག་མངའ་སྡེའི་གྲོས་ཚོགས་འཐུས་མི་ MP . Trish Doyle དང་། རི་སྔོན་པོའི་ས་གནས་སྲིད་གཞུང་གི་འཐུས་མི་དང་ཨོ་སི་ཁྲོ་ལི་ཡ་ལྗང་ཁུ་ཚོགས་པའི་འཐུས་མི།   བོད་པའི་རྒྱ་དར་ས་གནས་སྲིད་གཞུང་གི་མདུན་ལ་སྒྲེང་འཛུགས་བྱེད་དགོས་པའི་གྲོས་འཆར་འདོན་མཁན་Cr. Kerry Brown

བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རརེད། དེ་བཞིན་ས་གནས་གདོད་མའི་མི་རིགའ་ཀྱི་སྐུ་ཚབ་Aunty Carol དང་། ས་གནས་དེའི་རིག་གཞུང་འདྲ་མིན་གྱི་སྤྱི་ཁྱབ་འགན་འཛིན་དང་ས་གནས་ཁྲིམས་དོན་ལྷན་ཁང་གི་འགན་འཛིན། སྐྱབས་བཅོལ་ཚོགས་པའི་ཚོགས་མི་འགའ་སོགས་བོད་དོན་རྒྱབ་སྐྱོར་བ་དང་ས་གནས་སུ་སྡོད་མཁན་བོད་མི་ཚོ་མཉམ་ཞུགས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༩༠ ཀློག་གྲངས།