བོད་མིའི་གསུམ་བཅུའི་དུས་དྲན་ལོ་ངོ་༦༠ འཁོར་བའི་པར་རིས་འགྲེམ་སྟོན།

ཟླ་འདིའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་གི་གོ་སྒྲིག་འོག བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ལོ་༦༠ འཁོར་བའི་ཉིན་མོ་དེ་དྷ་ས་བོད་ཀྱི་འགྲེམས་སྟོན་ཁང་དུ་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམ་སྟོན་གྱི་མཛད་སྒོ་ཞིག་འཚོགས་སོང་།

སྐབས་དེར་སྐུ་མགྲོན་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ། དྲུང་འཕར་འཆི་མེད་ཚེ་དབྱངས། གཞན་ཡང་དྷ་ས་ས་གནས་ཀྱི་འགོ་འཛིན་དང་ཆབ་སྲིད་བཙོན་ཟུར་བློ་བཟང་ཡོན་ཏན། ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁ་ཤས་གཙོས་པའི་འགྲེམ་སྟོན་ཁང་གི་ལས་བྱེད་བཅས་འཛོམས་ཡོད་པ་རེད།

འགྲེམ་སྟོན་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ཀྱིས་པར་རིས་འགྲེམ་སྟོན་གོ་སྒྲིག་ཞུ་དགོས་དོན་ནི་རྒྱ་ནག་དམར་པོའི་གཞུང་གིས་བོད་བཙན་བཟུང་བྱས་ནས་ཕྱི་ལོ་༡༩༥༩ ཟླ་གསུམ་པའི་ཚེས་༡༠ ཉིན་བོད་ནང་གི་བོད་མིས་རྒྱ་ནག་དམར་པོའི་གཞུང་གི་དྲག་པོའི་སྲིད་བྱུས་ལ་འགོག་རྒོལ་གཞི་རྒྱ་ཆེན་པོ་ཞིག་གནང་བ་ནས་བོད་ཕྱི་ནང་གཉིས་ཀྱིས་གསུམ་པའི་ཚེས་༡༠ དེ་བོད་མིའི་རང་དབང་གྱེན་ལངས་དང་གསུམ་བཅུའི་དུས་དྲན་ཞེས་སྲུང་བརྩི་ཞུ་སྡོད་ཀྱི་ཡོད་པ་བཞིན། ༢༠༡༩ ལོ་འདི་བོད་མིའི་རང་དབང་གྱེན་ལངས་འགོ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་གྱི་ཡོད་པ་དང་། ལོ་ངོ་དྲུག་ཅུའི་ནང་ལ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མིའི་རང་དབང་ཆེད་དུ་ལུས་སྲོག་ལོངས་སྤྱོད་མང་པོ་ཞིག་བློས་བཏང་གནང་བ་དེ་དག་རྗེས་དྲན་ཞུ་བའི་ཆེད་དུ་པར་རིས་འགྲེམ་སྟོན་བྱེད་ཀྱི་ཡོད་པར་གསུངས་སོང་། དེ་བཞིན་ཁོང་གིས། འདས་པའི་ལོ་ངོ་དྲུག་ཅུའི་ནང་རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་དམངས་གཙོ་བཅོས་བསྒྱུར། རིག་གནས་གསར་རྗེ། རྒྱལ་གཅེས་ཆོས་གཅེས་སོགས་སྲིད་བྱུས་དང་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཏེ། བོད་མིའི་ཐོག་ལ་ཁྲག་དྲི་བྲོ་བའི་གདུག་རྩུབ་མང་པོ་ཞིག་བྱས་ཡོད་ཀྱང་བོད་མི་རྣམས་སེམས་ཤུགས་མ་ཆགས་པར་གདོང་ལེན་གནང་སྟེ་བོད་ཆོལ་ཁ་གསུམ་ལས་ངོ་རྒོལ་བྱུང་ཡོད་པ་བཞིན། ག་རེ་བྱུང་བ་དེ་རིང་པར་རིས་འགྲེམ་སྟོན་བྱས་ཡོད་པས་འདིས་རང་རེའི་གཞོན་སྐྱེས་ཚོ་ལ་འདས་པའི་མི་ལོ་དྲུག་ཅུའི་ནང་བོད་མི་ཚོས་རང་དབང་སླར་གསོའི་ཆེད་དུ་སྐུ་ལས་ག་ཚོད་བསྐྱོན་པ་དང་སེམས་ཤུགས་སྤར་རྒྱུ་དང་རྗེས་དྲན། བོད་མིའི་མངོན་འདོད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྱབ་རྒྱུའི་ཆེད་དུ་ཡིན་པ་སོགས་གསུངས་སོང་།

ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་འགྲེམ་སྟོན་དེ་དུས་དང་མཚམས་པ་དང་གལ་ཆེ་སྐོར་གསུང་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་༡༩༤༠ ལོར་བོད་ལ་བཙན་འཛུལ་བྱས་ཏེ་ལོ་༧༠ འཁོར་གྱི་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་༦༠ འཁོར་འགྲོ་ཡི་ཡོད་པ། དེ་བཞིན་༢༠༠༨ ལོར་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་བོད་མི་ཚང་མས་རྒྱ་ནག་གཞུང་གི་དབང་འཛིན་པ་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་༡༡ འཁོར་གྱི་ཡོད་པས་དུས་ཚོད་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གིས་དངོས་ཡོད་གནས་ཚུལ་མིན་པའི་དྲིལ་བསྒྲགས་ལོག་པ་མང་པོ་ཞིག་བྱེད་བཞིན་ཡོད་པ། དེ་དག་ལ་དངོས་ཡོད་ཡིན་པ་པར་རིས་དང་། ལོ་རྒྱུས། སྐབས་དེར་ཡོད་པའི་མི་བཅས་དཔང་པོ་ཡོད་པ་དང་། གཞན་ཡང་དགོན་པ་སྟོང་ཕྲག་དྲུག་ལྷག་དང་གྲྭ་བཙུན་འབུམ་དྲུག་ལྷག་ཙམ་རྩ་གཏོར་བཏང་བ་དང་། ང་ཚོའི་མཁར་གྱི་དང་པོ་ཡུམ་བུ་བླ་མཁར་ལྟ་བུ་ད་ལྟ་གསར་པ་བཟོས་ཡོད་ཀྱང་སྔོན་མ་རྒྱ་མིས་གཏོར་ཡོད་པ་བཅས་རྒྱ་ནག་གིས་བོད་ཀྱི་ཐོག་ལ་གདུག་རྩུབ་གང་བྱས་པ་དེ་དག་ལོ་རྒྱུས་ཐོག་ཏུ་འཁོད་གལ་ཆེ་བ་དང་། དེ་བཞིན་༢༠༠༨ ནས་བོད་མི་ཡོངས་རྫོགས་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་བོད་པའི་ཆོས་དང་རིག་གཞུང་བཅས་བོད་ཀྱི་ངོ་བོ་རྩ་མེད་གཏོང་ཆེད་རྒྱ་ནག་གཞུང་གིས་ལས་འགུལ་འདྲ་མིན་བརྩམས་དང་རྩོམ་བཞིན་པ་དེར་ངོ་རྒོལ་ཆེད་དུ་བོད་ཆོལ་ཁ་གསུམ་ནས་མི་༡༥༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དེ་ཚོ་དྲན་གསོ་བྱ་རྒྱུ་གལ་ཆེ་སྐོར་སོགས་གསུངས།

གཞན་ཡང་ཉེ་ཆར་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཟེར་བའི་ནང་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེའི་སྐོར་དངོས་ཡོད་གང་ཡིན་གསུངས་པ་མ་ཟད་ཁ་ནས་བཤད་པ་ལས་དངོས་ཡོད་པར་རིས་ཐོག་ནས་སྟོན་པ་གལ་ཆེ་བར་གསུངས་སོང་།

དེ་རྗེས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསུམ་བཅུའི་དུས་དྲན་དང་བུད་མེད་སྒེར་ལངས་སོགས་ཞི་རྒོལ་གྱི་ལས་འགུལ་ཁག་བྱུང་ཚུལ་གྱི་ཐད་ནས་གསུངས་དོན། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ལ་༧རྒྱལ་བ་རིན་པོ་ཆེའི་དབྱར་ཁའི་བཞུགས་གནས་ནོར་བུ་གླིང་ཁའི་རྒྱལ་སྒོའི་མདུན་དུ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རང་དབང་སྒེར་ལངས་བྱས་པ། ཕྱི་ཟླ་༣ པའི་ཚེས་༡༢ ལ་བུད་མེད་སྒེར་ལངས་བྱུང་བ། དེ་དང་ཕྱོགས་མཚུངས་ང་ཚོས་མ་ཤེས་པའི་ལས་འགུལ་མང་པོ་ཏན་ཏན་བྱུང་ཡོད་རེད། ཕྱིས་སུ་གལ་ཆེ་༡༩༨༧ ཟླ་༩ ཚེས་༢༧ ལ་༧སྐྱབས་མགོན་རིན་པོ་ཆེས་ཞི་བའི་དོན་ཚན་ལྔ་བཏོན་པ་ལ་བརྟེན་ནས་རྒྱ་མིས་འཁྱོག་བཤད་ཀྱིས་མ་འདོད་པའི་རྣམ་པ་བསྟན་ཏེ་བོད་ནང་དུ་ཞི་རྒོལ་བྱས་པ། ༡༩༨༧ ཟླ་༡༠ ཚེས་༡ སྐུ་ཞབས་བྱམས་པ་བསྟན་འཛིན་གྱིས་སྐད་འབོད་གནང་བ། ༡༩༨༨ ཟླ་༣ ཚེས་༥ ལ་ལྷ་སའི་ཁུལ་དུ་ཞི་རྒོལ་བྱུང་བ། ༡༩༨༩ ཟླ་༦ ཚེས་༡ བོད་རིགས་སློབ་མ་ཚོས་པེ་ཅིང་རང་ལ་ལས་འགུལ་སྤེལ་བ་བཅས་རིམ་པས་ལས་འགུལ་མང་པོ་བྱུང་ཞིང་། དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་དཔའ་བོ་དཔའ་མོ་ཚོས་སོ་སོའི་སྲོག་ཚུན་བློས་བཏང་སྟེ་ལས་འགུལ་མང་པོ་སྤེལ་བ་དེ་སྔ་ང་ཚོས་དྲན་གསོ་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེ་བཞིན་བོད་ནང་གི་བོད་མི་ཚོས་སོ་སོའི་ལྟོ་གོས་བཟའ་འབྲུ་གོང་སྤེལ་བ་སོགས་ལ་བོད་ནང་གི་ལས་འགུལ་བསམ་གྱིས་མི་ཁྱབ་པ་བྱུང་དང་ལྷག་ཏུ་ས་བྱི་ཞི་རྒོལ་ཆེན་མོ་ལྷ་ས་ནས་འགོ་བཙུགས་ཏེ་བོད་ཡོངས་ལ་ཁྱབ་པ་དང་། ང་ཚོས་ཀྱང་འཛམ་གླིང་ཁྱོན་ཡོངས་ལ་བོད་དོན་ལས་འགུལ་སྤེལ་རྒྱུའི་གོ་སྐབས་རག་པ་དེ་དག་ལ་བལྟས་ན་བོད་ནང་གི་བོད་མིའི་སྙིང་སྟོབས་དང་ལྷག་བསམ་ལ་ཞུམ་པ་དེ་ང་ཚོས་བརྗོད་མི་དགོས་པ་ཞིག་རེད་ཅེས་དང་། ༢༠༠༩ ཟླ་༩ ཚེས་༢༧ ཉིན་ཨ་མདོ་རྔ་པའི་གྲྭ་བཀྲ་བྷེ་ནས་༢༠༡༨ ཟླ་༡༡ ཟླ་༤ ཚེས་བར་ང་ཚོས་དངོས་སུ་ཤེས་རྟོགས་བྱུང་བ་བོད་མི་༡༥༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་ཡང་མང་ཆེ་ཤོས་༡༩༥༩ རྗེས་ནས་འཁྲུངས་ཤིང་༧རྒྱལ་བ་རིན་པོ་ཆེ་ཞལ་མཇལ་མ་མྱོང་མཁན་ཡིན་ཡང་སེམས་ནང་བོད་ཀྱི་རྩ་དོན། བོད་ཀྱི་ལ་རྒྱ། མི་རིགས་ཀྱི་ཞེན་ཁོག ༧རྒྱལ་བ་རིན་པོ་ཆེ་ལ་དད་པ། དེ་འདྲ་ཡོད་པའི་རྐྱེན་བྱས་ནས་བོད་ནང་དུ་དམ་དྲག་ག་ཚོད་བྱུང་ཡང་ལས་འགུལ་ཤུགས་ཆེན་པོ་སྤེལ་བར་བྱུང་བ་རེད། ༡༥༣ ནང་ནས་༡༣༡ འདས་གྲོངས་སུ་ཕྱིན་པ་དང་། ལྷག་མ་༢༡ གར་སོང་ཆ་མེད་ཆགས་ནས་ག་རེ་ཆགས་ཀྱི་ཡོད་མེད་ཤེས་ཀྱི་མེད་པ་བཞིན། ང་ཚོས་མི་ཤེས་པའི་བོད་ནང་གི་ལས་འགུལ་མང་པོ་ཡོད་པ་རེད། སྤྱི་ཡོངས་ནས་དེ་རིང་༡༩༥༩ ནས་བོད་ནང་གི་ལས་འགུལ་རྣམས་པར་གྱི་ལམ་ནས་འགྲེམ་སྟོན་གོ་སྒྲིག་འདི་གལ་ཆེ་སྐོར་དང་། ང་ཚོས་༧གོང་ས་མཆོག་དང་བོད་ནང་གི་མ་རྩ་བཞག་པའི་ཐོག་ནས་ལོ་དྲུག་ཅུའི་ཉམས་མྱོང་བླངས་པའི་ཐོག་ནས་གོམ་པ་སྤོ་མ་ཐུབ་ན་མ་འོངས་པར་ཁག་པོ་ཡོང་རྒྱུ་ཡིན་པ། གཞན་ཡང་གཞས་ཤིག་བཏང་ཡང་རྩོམ་ཞིག་བྲིས་ཀྱང་བོད་མི་ནང་གི་བོད་མིའི་ལ་རྒྱ་སོགས་ལ་བཙན་བྱོལ་ནང་གི་བོད་མི་ཚོས་མིག་དཔེ་ལྟ་དགོས་པར་གསུངས་སོང་།

མཛད་སྒོ་གྲོལ་རྗེས་ཕྱི་རྒྱལ་ཁག་ནས་ཕེབས་པའི་མི་སྣ་རྣམས་དང་མཉམ་དུ་བོད་དོན་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

 

Share this:
༧༣༢ ཀློག་གྲངས།