མཚན་སྨད་ཞུ་མཁན་ཁོ་རང་ལ་ཡང་༧རྒྱལ་བ་རིན་པོ་ཆེས་ཕན་ཐོགས་ཀྱི་ཡོད་རེད།

ད་ལྟ་འཚོག་བཞིན་པའི་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་སྐབས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་འགོ་ཁྲིད་ཝུས་དབྱིང་ཅེས་སོགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་དག ཕྱི་དྲིལ་དྭགས་པོ་བསོད་ནམས་ནོར་བུས་དངོས་ཡོད་མིན་པའི་ཐད་བོད་ཀྱི་འགྲེམ་སྟོན་ཁང་གི་གོ་སྒྲིག་བྱས་པའི་བོད་མིའི་གསུམ་བཅུའི་སྒེར་ལངས་ལོ་ངོ་༦༠ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བའི་མཛད་སྒོའི་སྐབས་སུ་གསུངས་སོང་།

ཟླ་འདིའི་ཚེས་༨ ཉིན་ལྷ་སར་བོད་མིས་སྒེར་ལངས་བྱས་ནས་ལོ་ངོ་༦༠ འཁོར་བ་སྲུང་བརྩིའི་འགྲེམ་སྟོན་ཞིག་དྷ་སར་བྱས་པ་དང་། སྐབས་དེར་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་བའི་ཞོར་དུ་ཉེ་ཆར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ནང་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་འགོ་ཁྲིད་ཝུས་དབྱིང་ཞེས་པས་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་པ་དང་དངོས་ཡོད་མིན་པའི་སྐད་ཆ་མང་པོ་ཞིག་བཤད་པ་དེའི་ཐད་དུ་གསུང་དོན། ད་ལྟ་རྒྱ་ནག་འཐུས་མི་ཚོགས་ཆེན་འཚོག་བཞིན་ཡོད་པ་དེའི་ནང་དུ་ཏྰ་ལའི་རུ་ཚོགས་ཞེས་༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་པ་མ་ཟད། ང་ཚོ་བོད་རྒྱལ་ཁབ་དང་མི་རིགས་ཤིག་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་བ་དེ་ཚོ་ཁ་བྲལ་གྱི་བྱ་བ་རེད་ཟེར་བ་དང་། བོད་པའི་ངོ་བོ་ཆོས་དང་རིག་གཞུང་བྱེད་མཁན་ལ་ཁ་བྲལ་བ་རེད་ཟེར་བ། ༧རྒྱལ་བ་རིན་པོ་ཆེས་བོད་མི་མང་ལ་ཕན་ཐོགས་སྣེ་གཅིག་བྱས་ཡོད་མ་རེད་ཟེར་བ་དེར། བོད་མི་མང་ལ་ཕན་ཐོགས་བྱས་འདུག་དང་མི་འདུག ༧རྒྱལ་བ་རིན་པོ་ཆེས་ག་དུས་ཡིན་ཡང་རི་བོ་རྩེ་ལྔར་མཆོད་མཇལ་དང་གནས་གཟིགས་ཕེབས་ཀྱི་ཡིན་གསུངས་ཡོད་པ་རེད། དེར་རྒྱ་ནག་གཞུང་གིས་ཆོག་མཆན་གནང་དང་བོད་མི་མང་གིས་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ག་ཚོད་འདུག ཡིད་ཆེས་ག་ཚོད་འདུག ༧རྒྱལ་བ་རིན་པོ་ཆེས་བོད་མི་ས་ཡ་དྲུག་ལ་ཕན་པའི་ཕྱག་ལས་ག་རེ་གནང་འདུག་ཤེས་ཀྱི་ཡིན་སྐོར་གསུངས། གཞན་ཡང་ད་ལྟ་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་བོད་རིགས་དང་རྒྱ་རིགས་སུ་ཡིན་ཡང་༧རྒྱལ་བ་རིན་པོ་ཆེས་ཕན་ཐོགས་ཀྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུས་པའི་བཀའ་དྲིན་གྱིས་ཁོ་རང་ཚོའི་གོ་གནས་འཕར་གྱི་ཡོད་པས་ཁོ་རང་ཚོ་ལ་ཡང་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་སུ་གང་ལའང་བཀའ་དྲིན་བྱུང་ཡོད་མ་རེད་ཟེར་བ་དེ་ཁོ་རང་ཚོས་བསམ་བློ་མ་བཏང་བའི་གནས་ཚུལ་ཞིག་ཆགས་ཀྱི་འདུག་ཅེས་དང་། ཟླ་བ་༣ པའི་ཚེས་༡༠ དེ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཡོངས་ཀྱིས་རྒྱ་མིའི་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་དྲུག་ཅུ་འཁོར་གྱི་ཡོད་པ་བཞིན་དངོས་ཡོད་གནས་ཚུལ་པར་གྱི་ཐོག་ཡོད་པ་ལ་བལྟས་ནས་དངོས་ཡོད་གནས་ཚུལ་ག་རེ་ཆགས་པ་དེ་མི་མང་གིས་ཤེས་ཐུབ་པ་གལ་ཆེ་ཚུལ་དང་། ༡༩༨༧ ལོར་བོད་ནང་དུ་རྒྱ་ནག་གཞུང་གིས་མི་མང་པོ་བསད་པ་རེད། འོན་ཀྱང་རྒྱ་གཞུང་གིས་མི་བསད་མེད་མེ་མདའ་གནམ་ལས་བརྒྱབ་པ་རེད་ཅེས་ལབ་པ་རེད། འོན་ཀྱང་ད་ལྟ་པར་ནང་མི་མང་པོ་བསད་པ་པར་ནང་མཐོང་རྒྱུ་འདུག་ག དེའི་སྐབས་ཀྱི་ཕྱི་རྒྱལ་མི་མང་པོ་ཞིག་བོད་ནང་དུ་ཡོད་པས་ཁོ་རང་ཚོ་རང་གིས་མཐོང་བ་དང་མྱོང་བ་ཡོད་པས་ཚུར་སླེབས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་དང་། སྨན་པ་ཁ་ཤས་ཀྱིས་དེའི་སྐབས་སུ་མི་རྨས་པ་རྣམས་ལ་སྨན་བཅོས་བྱས་པ་ཤོད་ཀྱི་ཡོད་པ་རེད་ཅེས་དང་། དེང་སང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ནང་བོད་ལ་ཞེ་བོ་བྱས་ཚུལ་ཤོད་ཀྱི་ཡོད་པ་དེར་པར་འདི་ཚོ་སྟོན་དང་དངོས་ཡོད་གང་ཡིན་ཤེས་པར་གསུངས་པ་དང་། བོད་ཀྱི་ཡུལ་ལྗོངས་ནི་རང་བྱུང་ཡིན་པས་དེ་ག་ཚོད་བཤད་ཀྱང་ཁྱད་པར་མེད་པ་དང་འཛུགས་སྐྲུན་ཞེ་བོ་བྱས་ཡོད་ཟེར་བ་དེས་སུ་ལ་ཕན་གྱི་ཡོད་མེད་ང་ཚོས་བསམ་བློ་གཏང་རྒྱུ་ཡིན་པ་སོགས་གསུངས་སོང་།།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༦༦༢ ཀློག་གྲངས།