བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་ཞུས།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མེག་ལོར་རླངས་འཁོར་འབབ་ཚུགས་དང་ཉེ་བའི་ཁྲོམ་ལམ་གཞི་མདོར་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

ཕྱི་ལོ་༢༠༡༩ ཟླ་༣ ཚེས་༨ ཉིན་གྱི་སྔ་དྲོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་ཤེས་འཇོན་གཉིས་ལྡན་གྱི་བོད་པའི་བུ་མོ་ཁག་ཅིག་གི་པར་རིས་འགྲེམ་སྤེལ་དང་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་པར་རིས་ཀྱི་མཐའ་རྒྱན་ཚོས་གཞི་དཀར་པོ་དང་མུ་མེན་མདོག་གིས་བྱས་ཡོད་པ་དང་ཚོས་གཞི་དེ་གཉིས་ཀྱི་ཁ་དོག་ལྡན་པའི་ལྒང་བུ་ཁ་ཤས་ཀྱང་པར་རིས་ཀྱི་མཐའ་སོགས་ལ་བཏགས་ཡོད་པ་རེད། དེ་ནི་མུ་མེན་མདོག་གིས་དྲང་བདེན་དང་ཆེ་མཐོང་མཚོན་གྱི་ཡོད་པ་དང་དཀར་པོས་ལྷད་མེད་བཅས་མཚོན་གྱི་ཡོད་པ་རེད།

ལས་འགུལ་འགོ་འཛུགས་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་དེ་རིང་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་བསུ་དགོས་པའི་སྐོར་ལ། ད་ལྟའི་ཆར་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་ཕོ་མོ་གཉིས་སྤྱི་སྙོམ་མེད་པ་དང་བུད་མེད་ཚོར་རང་གི་ཁྱིམ་དང་སྤྱི་ཚོགས་སྡེ་ཚན་ཁྱོན་ཡོངས་ནས་གུས་བརྩི་དང་འདྲ་མཉམ་མེད་པ་སོགས་ཀྱིས་ལས་འགུལ་འདི་གལ་ཆེན་པོར་མཐོང་ནས་སྤེལ་བཞིན་ཡོད་པ་སོགས་དང་། གཞན་ཡང་མ་འོངས་པར་བུད་མེད་ལ་གང་སྤྱིའི་ཐད་ནས་གོ་སྐབས་དང་འགན་ཁུར་མང་ཙམ་སྤྲད་དགོས་པ་འཛམ་བུ་གླིང་སྤྱི་ཡོངས་ལ་གོ་བརྡ་སྤྲོད་པའི་ཆེད་དུ་ཡིན་པ་དང་། བུད་མེད་ལ་འདྲ་མཉམ་གྱི་ཐོབ་ཐང་མང་ཙམ་བྱིན་ན་ཕོ་མོ་སྤྱི་སྙོམ་ཡག་པོ་ཡོང་བ་དང་ཕོ་མོ་སྤྱི་སྙོམ་བྱུང་ན་སྤྱི་ཚོགས་ཀྱི་སྡེ་ཚན་ཁག་དང་འཛམ་གླིང་སྤྱི་ཡོངས་ལ་བདེ་སྐྱིད་ཡོང་བའི་སྐོར་འགྲེལ་བརྗོད་གནང་སོང་།

དེའི་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་བསྟན་འཛིན་མཁའ་འགྲོས་པར་རིས་འགྲེམ་སྟོན་སྐོར་ལ་བརྗོད་དོན། ང་ཚོས་དེ་རིང་འགྲེམ་སྟོན་ཆུང་ཆུང་ཞིག་བྱས་པ་འདི་བོད་ཀྱི་བུ་མོའི་ཁྲོད་སྤྱི་ཚོགས་ཞབས་ཞུ་དང་ཆབ་སྲིད། སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་ཐད་ལ་ཁྱད་ཆོས་ཡོད་པ་དེ་གཞན་ལ་ཁྱབ་སྤེལ་བྱ་རྒྱུ་དང་། བུད་མེད་དེ་ཚོར་ཁྱེད་རང་ཚོ་ལ་འདི་འདྲའི་ཁྱད་ཆོས་ཡོད་རེད་ཅེས་སེམས་ཤུགས་སྤར་ཡ་སོགས་ཀྱི་ཆེད་དུ་ཡིན་པ་མ་ཟད། ཁོང་ཚོ་དང་འདྲ་བའི་བུད་མེད་མང་པོ་ཞིག་ཐོན་ཐབས་ཀྱི་ཆེད་དུ་ཡང་ཡིན་སྐོར་སོགས་གསུངས་སོང་།

རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་ནི་ལོ་ལྟར་ཕྱི་ཟླ་༣ པའི་ཚེས་༨ ལ་འཁེལ་གྱི་ཡོད་པ་དང་། དེ་ནི་བུད་མེད་ཀྱི་ཐོབ་ཐང་ཆེད་དུ་ཡིན་ཞིང་ཐོག་མར་༡༩༡༧ ལོར་ར་ཤི་ཡ་ནས་འགོ་བཙུགས་ཡོད་པ་དང་༡༩༧༥ ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་མོས་མཐུན་བྱས་ཏེ་འཛམ་གླིང་སྤྱི་ཡོངས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༦༠༤ ཀློག་གྲངས།