རྡ་སར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་ལས་འགུལ་སྤེལ་སོང་།

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠ པའི་ཐོག གཞུང་འབྲེལ་མཛད་སྒོ་གྲུབ་མཚམས་སུ། རྡ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཐུན་མོང་གིས། རྡ་ས་མེག་གྷན་ནས་རྡ་ཤོད་ཀ་ཅཱ་རི་ཉེན་རྟོག་ཐང་བར་དུ་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་གནང་སོང་།

དེ་ཡང་གོམ་བགྲོད་ནང་དུ་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གྲྭ་བཙུན་དང་སློབ་ཕྲུག མི་མང་བཅས་ཀྱིས་མཉམ་ཞུགས་གནང་ཡོད་ཁར། རྡ་ཤོད་ཀ་ཅཱ་རི་ཉེན་རྟོག་ཐང་དུ་འབྱོར་རྗེས། མཛད་སྒོ་འཚོགས་ཡོད་པ་དང་དེའི་ཐོག་རྒྱ་གར་ཡུལ་མིའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་ཕེབས་འདུག

ཐོག་མར་ཚོགས་པ་ཁག་གི་སྐུ་ཚབ་ཁག་ཅིག་གིས་ཚོགས་པ་ལྔ་ཐུན་མོང་གི་བསྒྲགས་གཏམ་བོད་དབྱིན་ཧིན་སྐད་གསུམ་ཐོག་སྒྲོགས་སྦྱང་གནང་སོང་། བསྒྲགས་གཏམ་ནང་གསུམ་བཅུའི་དུས་དྲན་གྱི་ལོ་རྒྱུས་དང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་དང་། དེ་བཞིན་“ད་ལྟའི་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་ཀྱི་འགྱུར་བ་གཏན་ནས་མངོན་གྱི་མེད་པས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས། རྒྱལ་སྤྱིའི་ནང་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་ངོ་རྒོལ་ལས་འགུལ་འདྲ་མིན་རྒྱུན་མཐུད་སྤེལ་རྒྱུ་ཡིན་ལ། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་དམར་གཞུང་གིས་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མས་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བསྐྱར་ནན་བྱ་རྒྱུ་དང་། རྒྱལ་སྤྱིའི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་བོད་ཀྱི་བདེན་དོན་ལ་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

དེ་རྗེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ལམ་བཟང་ལགས་ཀྱིས། ད་བར་རྒྱ་ནག་གཞུང་གིས་དངུལ་ཕོན་ཆེན་འགྲོ་སོང་བཏང་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱི་ཡོད་ཀྱང་། བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་ནང་ལས་འགུལ་མང་པོ་སྤེལ་ནས། རྒྱ་ནག་གཞུང་གི་རྫུན་རྐུབ་བརྟོལ་ཐུབ་ཡོད་པ། དེ་བཞིན་བོད་མི་རྣམས་ཀྱིས་ཆོལ་ཁ་ལུང་ཚན་དང་། ཆབ་སྲིད་ཀྱི་ལྟ་ཕྱོགས་འདྲ་མིན་ལ་མ་ལྟོས་པར་ཕན་ཚུན་གུས་བརྩི་དང་ནུས་པ་མཉམ་སྤུངས་བྱེད་རྒྱུ་གལ་ཆེན་ཡིན་པ། བོད་ཀྱི་འཐབ་རྩོད་དེ་དབུ་མ་དང་རང་བཙན་བར་གྱི་འཐབ་རྩོད་མིན་ཁར། དེ་ནི་བོད་དང་རྒྱ་ནག གཉའ་གནོན་བྱེད་མཁན་དང་བྱེད་ཡུལ་བར་གྱི་འཐབ་རྩོད་གཅིག་ཡིན་པ། བོད་ཀྱི་གནད་དོན་དེ་བོད་མི་ཙམ་གྱི་གནད་དོན་ཞིག་མིན་ཁར། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། ཨེ་ཤི་ཡའི་ཞི་བདེ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཡང་ཡིན་པས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུར་རེ་འདུན་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ཧིན་རྡིའི་སྐད་ཐོག་སྒྲོགས་སྦྱང་གནང་སོང་།

གོམ་བགྲོད་ལས་འགུལ་དང་མཉམ་དུ། གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་ཡིས་རྡ་ས་མེག་གྷན་དུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་ཁར། བོད་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར། དེ་བཞིན་བོད་དོན་འབོད་ཚིག་འཁོད་པའི་འཕྲེད་དར་བཅས། གནམ་ཐོག་ནས་མཆོང་ལྡིང་ལྒང་བུར་བཏགས་ནས་འགྲེམས་སྟོན་བྱེད་པའི་ལས་འགུལ་གོ་སྒྲིག་གནང་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༦༤ ཀློག་གྲངས།