གསུམ་བཅུའི་དུས་དྲན་ཐེངས་༦༠ པའི་ཐོག་སྲིད་སྐྱོང་གི་གསུང་འཕྲིན།

༄༅། །ཕྱི་ལོ་ ༡༩༥༩ ལོའི་དེ་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། རྒྱ་གཞུང་གིས་བོད་ས་ཁྲིམས་འགལ་གྱིས་བཙན་བཟུང་དང་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ལ་ཞི་བའི་སྒེར་ལངས་བྱས་པའི་བོད་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་ཉིན་མོ་ཞིག་ཡིན་ཞིང། ལྷག་པར་བོད་མི་ཚོའི་བློས་གཏོང་གི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང། རྒྱ་གཞུང་གི་དྲག་གནོན་འོག་འདས་གྲོངས་སུ་གྱུར་པ་རྣམས་ལ་མྱ་ངན་རྗེས་དྲན་བྱེད་དགོས་པའི་དུས་ཚེས་ཤིག་ཀྱང་ཡིན། དེ་ཡང་དེ་རིང་གི་ཉིན་མོ་འདིར་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་དམར་གཞུང་གིས་བོད་མིར་བཙན་དབང་གདུག་རྩུབ་བྱས་པར། བོད་ནི་བོད་མིའི་ཡིན། ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས། ཞེས་སོགས་ཞི་བའི་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་པ་དང། བོད་མིའི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགྲ་ལག་ཏུ་མ་ཤོར་བར་སྲུང་སྐྱོབ་ཐུབ་ཡོད་པར་དགའ་སྤོབས་བྱེད་ཆོག་པའི་དུས་ཚིགས་ཤིག་དང། ལྷག་པར་དེ་རིང་ནི་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་གྱི་དཔའ་བོ་དང་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་མྱ་ངན་རྗེས་དྲན་དང་གུས་བཏུད་ཞུ་རྒྱུའི་དུས་ཚིགས་ཤིག་ཀྱང་ཡིན།

མི་ལོ་ ༦༠ ཐམ་པའི་རིང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་གདུག་རྩུབ་དྲག་གནོན་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་བརྡལ་བཤིག་བཏང་ཡོད་པ་མ་ཟད། འཆར་གཞི་དང་ལྡན་པའི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་རིམ་པ་བྱས་ཡོད། བོད་ཀྱི་འབྲོག་པས་གཙོས་མི་མང་ས་ཡ་གཉིས་ལྷག་ཙམ་བཙན་དབང་གིས་གཞིས་སྤོ་བྱེད་དུ་བཅུག་སྟེ་སྲོལ་རྒྱུན་གྱི་འཚོ་བའི་ལམ་ལུགས་རྩ་མེད་དང་རང་དབང་ངང་འཚོ་བ་སྐྱེལ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་མེད་པ་བཟོས་དང་བཟོ་བཞིན་ཡོད།

ཨ་རིར་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་འདི་ལོའི་ལོ་འཁོར་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་དོགས་གཞི་ཙམ་བྱུང་ནའང་ཁོང་ཚོར་ནག་ཉེས་གཡོགས་ནས་སྐྱོན་བརྗོད་ཐེར་འདོན་བྱེད་དགོས་པ་རྒྱ་ནག་རྒྱལ་ཡོངས་ནང་བཀོད་ཁྱབ་བྱས་ཡོད་སྐོར་གསལ་བཀོད་བྱས་ཡོད། དེ་ཙམ་མ་ཟད། བོད་མི་༸གོང་ས་མཆོག་ལ་བསྔོ་རྟེན་དང་སྐྱབས་རྟེན་འབུལ་མཁན་ཚུན་ཆད་ཁ་བྲལ་བར་ངོས་འཛིན་བྱེད་སྟངས་འདིས་ཆོས་དད་རང་དབང་མེད་པ་ཤིན་ཏུ་གསལ་པོ་ཡིན། གཞན་ཡང་ཨ་རིར་རྟེན་གཞི་བྱེད་པའི་རང་དབང་ཁང་པའི་སྙན་ཐོར་བོད་ནི་ལོ་བཞི་བསྟུད་མར་རང་དབང་དམ་བསྒྲགས་ཆེ་ཤོས་དེ་ཡིན་པར་གསལ་འདོན་བྱས་འདུག་པ་དང། དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་ཀྱང་། བོད་ནང་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཧ་ཅང་ཆེན་པོ་ཡོད་པ་དང་། གསར་འགོད་པ་བོད་ནང་འགྲོ་འོང་བྱེད་རྒྱུ་ནི་བྱང་ཀོ་རི་ཡཱ་ལས་ཀྱང་དོ་དམ་ཆེ་བ་ཡོད་པ་གསལ་འདོན་བྱས་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་གཏོང་རྒྱུའི་རང་དབང་འགན་སྲུང་བྱས་ཡོད་པ་ལྟར་བཀྲིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་ཞུ་འབོད་བྱས་པར་མ་ཉེས་ཁ་གཡོགས་ཀྱིས་ལོ་ལྔའི་བཙོན་འཇུག་བྱས་ཡོད་པ་དང། དེ་བཞིན་བོད་རིགས་ལོ་ཆུང་སློབ་མ་རྣམས་ལ་གུང་གསེང་སྐབས་ཁུལ་སོ་སོའི་དགོན་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་ཞོར་འཁྲིད་བྱེད་པ་ལའང་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་བཀག་སྡོམ་བྱེད་པའི་གནས་ཚུལ་ཐོན་བཞིན་འདུག

རྒྱ་གཞུང་གིས་དྲྭ་མིག་ཅན་གྱི་དོ་དམ་དྲྭ་བ་ཟེར་བ་བརྒྱུད་དངོས་ཤུགས་བརྒྱུད་གསུམ་ནས་བོད་མིའི་ཐོག་ཕྱོགས་ཡོངས་ནས་དོ་དམ་དང་ལྟ་སྲུང་བྱེད་བཞིན་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ནང་གི་གྲོང་ཁྱེར་དང་གྲོང་བརྡལ་ཙམ་མ་ཟད་ལུང་ཁུག་ཁག་གི་ལམ་ཁ་ཆེ་ཁག་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་བོད་མིའི་འགྲོ་འོང་སོགས་གང་ཅིའི་ཐོག་དོ་དམ་བྱེད་ཅིང། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཞིང་འབྲོག་ས་ཁུལ་ཁག་ལ་གཏན་སྡོད་ལས་དོན་ཚོགས་ཆུང་ཟེར་བ་བཏང་ནས་མཉམ་ཟ་དང་། མཉམ་སྡོད། མཉམ་ལས་བྱེད་ཅེས་ཞིང་འབྲོག་མི་མང་གི་ལུས་དང་གྲིབ་མ་ལྟར་འབྲེལ་ནས་ལྟ་སྲུང་བྱེད་པ་དང། གཞན་ཡང་གཉིས་ལྡན་དུད་འབྲེལ་ཟེར་བའི་བཀོད་ཁྱབ་འོག་ནས་བུས་ཕ་དང། བུ་མོས་མ། གཅེན་གཅུང་བཅས་དབར་ཕན་ཚུན་སོ་ལྟ་བྱེད་དུ་བཅུག་སྟེ་ཕ་བུ་སོགས་ཀྱི་བར་ལའང་ཡིད་ཆེས་མི་ཐུབ་པའི་གནས་སྟངས་བཟོ་བཞིན་ཡོད།

གོ་ལའི་ལྷོ་བྱང་གི་སྣེ་གཉིས་ཕུད་འཁྱགས་རོམ་མང་ཤོས་ཡོད་པའི་བོད་ཀྱི་མཐོ་སྒང་ནི་འཛམ་གླིང་གི་སྣེ་གསུམ་པར་ཡོངས་གྲགས་ངོས་འཛིན་དང་ཨེ་ཤི་ཡའི་མི་གྲངས་དུང་ཕྱུར་མང་པོའི་འཚོ་རྟེན་ཆུ་བོ་ཆེན་པོ་མང་པོའི་འབྱུང་ཁུངས་ཀྱང་ཡིན་པས། བོད་ཀྱི་མཐོ་སྒང་གི་ཚ་དྲོད་འཕར་བཞིན་པའི་གནས་སྟངས་དེ་ནི་ཨེ་ཤི་ཡའི་མི་འབོར་དུང་ཕྱུར་མང་པོའི་འཚོ་རྟེན་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཆགས་ཡོད། རྒྱ་ནག་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་སྐྱོན་ཅན་དེ་ལ་བརྟེན་ནས་རིན་ཆེན་གཏེར་དངོས་ཀྱིས་ཕྱུག་པའི་བོད་ཀྱི་མཐོ་སྒང་དེ་ཉིད་གཏེར་ཁ་བསྔོག་འདོན་དང་ཆུ་མཛོད་རྒྱག་ཡུལ་གྱི་ལྟེ་བ་ཞིག་ཏུ་བསྒྱུར་ཡོད་པ་དེ་ནི་བོད་ཀྱི་ཁོར་ཡུག་ཉམས་ཉེས་འགྲོ་རྐྱེན་གཙོ་བོ་ཞིག་ཡིན་པས་རྒྱ་གཞུང་ནས་ལས་གཞི་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས།

རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་ཆེད་ཞི་དྲག་གི་སྲིད་བྱུས་ཇི་ཙམ་ལག་བསྟར་བྱས་ཀྱང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས་ཇེ་བརྟན་དུ་སོང་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་བའི་སྒོ་ནས་གདོང་ལེན་དང། བོད་མི་རིགས་ཀྱི་མངོན་འདོད་གསལ་འདོན་བྱེད་སླད། ལོ་རབས་ལྔ་བཅུ་པའི་འགོ་སྟོད་དུ་བཙན་འཛུལ་འགོག་ཐབས་རིམ་བྱས་མཐར་ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་སྒེར་ལངས་ཆེན་མོ་དང་། ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་ནང་དུ་གུང་རྒོལ་གྱི་ལས་འགུལ། དེ་བཞིན་ལོ་རབས་བརྒྱད་ཅུ་པའི་ནང་གཞི་རྒྱ་ཆེ་བའི་ལྷ་སའི་ཞི་རྒོལ་བཅས་རྡོག་རྩ་གཅིག་བསྒྲིལ་གྱི་སྒོ་ནས་བོད་མིའི་རང་དབང་འཐབ་རྩོད་རྒྱུན་མཐུད་བྱས་ཡོད།

ལྷག་པར་ཕྱི་ལོ་ ༢༠༠༨ ལོར་མི་རབས་གསར་པས་འགོ་འཁྲིད་པའི་བོད་ས་ཡོངས་ཁྱབ་ས་བྱི་ཞི་རྒོལ་ཆེན་མོ་བརྒྱུད་བོད་མི་མང་གི་སྙིང་སྟོབས་དང་ལ་རྒྱ་འཛམ་གླིང་མི་མང་གིས་མདུན་སར་གསལ་སྟོན་བྱས་ཤིང་། བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་ཤུགས་ཀྱིས་བོད་མིའི་འབོད་སྒྲ་རྣམས་བཀག་འགོག་བྱེད་མི་ཐུབ་པ་དང་བོད་མིའི་ཡིད་ཀྱི་དམ་བཅའ་ཡ་ཡོར་གཏོང་མི་ཐུབ་པའི་བརྡ་ལན་གསལ་པོ་བཏང་ཡོད།

རྒྱ་ནག་གཞུང་གིས་བཙན་དབང་མནར་གཅོད་བཟོད་ཐབས་བྲལ་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ ཀྱིས་རང་ལུས་མེར་སྲེག་བཏང་བའི་ཁོངས་ནས་ཨ་མདོ་རྔ་པ་ནས་ཡིན་པའི་རང་ལོ་ ༢༣ ཅན་གྱི་རྡོ་པོ་ལགས་ནི་རང་ལུས་མེར་སྲེག་གཏོང་མཁན་རྗེས་ཤོས་དེ་ཡིན། རང་ལུས་མེར་སྲེག་གཏོང་མཁན་ཕལ་མོ་ཆེས་བོད་ལ་རང་དབང་དགོས་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་ཡོད།

རྒྱ་ནག་གཞུང་གིས་བོད་མིར་མི་ལོ་ ༦༠ ཐམ་པའི་རིང་མནར་གཅོད་བཏང་བའི་གནད་དོན་ཡོ་སྲང་བྱེད་རྒྱུའི་ཚབ་ཏུ་བོད་མིའི་ཐོག་ད་དུང་དམ་བསྒྲགས་ཇེ་ཆེར་གཏོང་ཆེད། ཏང་གི་སྒྲ་གཟུགས་བོད་ནང་ཚང་མས་མཐོང་ཐོས་ཐུབ་པ་བཟོ་རྒྱུ་དང་། དགྲ་འཛིན་སྟོབས་ཤུགས་དང་ཏཱ་ལའི་རུ་ཚོགས་ཀྱི་སྒྲ་གཟུགས་རྩ་བ་ནས་མཐོང་ཐོས་མི་ཐུབ་པ་བཟོ་རྒྱུ། དེ་བཞིན་བོད་གསར་པའི་སྐོར་དྲིལ་བསྒྲགས་བརྒྱ་ཆ་ ༡༠༠ ཐམ་པ་རྒྱལ་མཚམས་ཀྱི་ཕྱི་ཕྱོགས་ལ་གཏོང་རྒྱུ་ཡིན་ཟེར་བ་ནི་བོད་མིའི་ཐོག་དམ་བསྒྲགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཟེར་བ་དེ་རེད།

ང་ཚོའི་མི་ཐོག་གོང་མ་རྣམས་ལོ་ ༦༠ ཡི་གོང་བཙན་བྱོལ་དུ་འབྱོར་སྐབས་མ་འོངས་པའི་མདུན་ལམ་ངེས་བརྟན་ཞིག་མེད་ནའང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག ང་ཚོ་འགྱེལ་ས་ནས་ཡར་ལངས་ཏེ་གཞིས་ཆགས་དང་། སློབ་གྲྭ དགོན་སྡེ་སོགས་ཀྱི་རྨང་གཞི་གསར་འཛུགས་དང་འབྲེལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན་བྱེད་ཐུབ་པ་ཙམ་མ་ཟད་འཛམ་གླིང་སྤྱིའི་ཕན་བདེའི་སླད་དར་སྤེལ་གཏོང་ཐུབ་པ་བྱུང་བ་བཅས་ལ་བརྟེན་ནས་འཛམ་གླིང་ནང་གྲུབ་འབྲས་ལེགས་ཤོས་སོན་པའི་བཙན་བྱོལ་སྤྱི་ཚོགས་ཤིག་ཆགས་ཏེ་མི་སྨོན་རང་སྐྱིད་དང་། ལྷག་པར་བོད་ཀྱི་ལོ་རྒྱུས་ཐོག་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་འདིའི་རིང་གཞིས་བཞུགས་བོད་མིས་གཙོས་འཛམ་གླིང་གི་རྒྱལ་ཁབ་གང་སར་གནས་སྡོད་བོད་མི་རྣམས་ནས་མི་རིགས་ཀྱི་ཤ་ཞེན་ལ་རྒྱ་བརྟན་བཟུང་ཐོག་དཀའ་ངལ་ལ་གདོང་ལེན་བྱས་ཏེ་བོད་མི་རིགས་ཀྱི་བདེན་དོན་ཇེ་གསལ་དང། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སླར་གསོ་དང་རྒྱུན་འཛིན་ཐོག་གྲུབ་འབྲས་ཇི་ཐོན་ལ་དགའ་སྤོབས་ཡི་རངས་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། བོད་དང་བོད་མིར་མཐུན་འགྱུར་རོགས་སྐྱོར་གནང་མཁན་ཚོགས་སྒེར་ཡོངས་ནས་ཀྱང་བོད་མིའི་རླབས་ཆེའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་ཡུལ་དུ་ཞིག་ཏུ་གྱུར་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་བཞེད་དང་མཐུན་པར་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་སུ་བསྒྱུར་ཐུབ་པ་དང་། མང་གཙོ་ཆ་ལག་ཚང་བ་ཞིག་ཡོང་ཆེད་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་ཡོད། བོད་མིའི་སྒྲིག་འཛུགས་ནི་གཞིས་བཞུགས་བོད་མི་རྣམས་དང་དེ་བཞིན་ཕྱི་རྒྱལ་རྒྱལ་ཁབ་ ༤༠ ཙམ་དུ་གནས་བཞིན་པའི་བོད་མི་ཡོངས་ཀྱི་ངོ་ཚབ་ཆགས་ཡོད། ཕྱིའི་རྒྱལ་ཁབ་བཅུ་གསུམ་ནང་སྐུ་ཚབ་དོན་གཅོད་ལས་ཁུངས་བཙུགས་ཡོད་པ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་གཞིས་སྒར་ ༧༡ དང་། དགོན་སྡེ་ཆེ་ཆུང་གྲངས་ ༢༧༦ སློབ་གྲྭ་གྲངས་ ༦༨ གཞིས་སྒར་དེ་དག་ནང་སྨན་ཁང་དང་རྒས་གསོ་ཁང་བཅས་ཇི་ཡོད་ལའང་ལྟ་སྐྱོང་བྱེད་བཞིན་ཡོད།

བོད་དང་བོད་མིར་རྒྱབ་སྐྱོར་ལ་མཚོན་ན། ཉི་ཧོང་གི་གྲོས་ཚོགས་འཐུས་མི་ ༩༠ ཡོད་པ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་པ་ཆེ་ཤོས་དེ་ཡིན་པ་དང་། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་འོག་གཉིས་ནས་འཐུས་མི་ ༥༥ ལྷག་ཡོད་པ་ནི་ཡོ་རོབ་ནང་གྲངས་འབོར་མང་ཤོས་ཡིན། དེ་བཞིན་རྒྱལ་ཁབ་ ༤༠ བརྒལ་བའི་ནང་གྲངས་འབོར་མང་ཉུང་ལ་མ་ལྟོས་པར་གྲོས་ཚོགས་འཐུས་མི་དང། རྒྱལ་ཁབ་ ༥༤ ཡིན་ནང་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་མང་པོ་ཡོད་པ་བཅས་ནི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན།

སྔ་ལོ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་བྱེད་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་ནང་ཡོད་ཨོ་སི་ཀྲོ་ལི་ཡ་དང། ཨོ་སི་ཀྲི་ཡ། སྦེལ་ཇམ། ཁེ་ན་ཌ། ཌེན་མཀ།ཕ་རན་སེ། འཇར་མེ་ནི། ཉི་ཧོང། ནིའུ་ཛི་ལེནཌ། སུཝེ་ཌན། སུད་སི། ཨིན་ལེན། ཨ་རི་བཅས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་པར་སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཚམས་འཇོག་དགོས་པའི་བརྡ་བསྐུལ་བྱས་ཡོད།

དེ་མཚུངས་རྒྱ་ནག་གི་མི་སེར་ཨ་རིའི་ནང་འགྲོ་བསྐྱོད་ཆོག་པ་བཞིན་ཨ་རིའི་མི་སེར་རྣམས་ཀྱང་བོད་ནང་འགྲོ་བསྐྱོད་ཆོག་པའི་ཁྲིམས་ཡིག་གཏན་འབེབས་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་འཛིན་མི་སྣ་དང་གསར་འགོད་པ་བོད་ནང་འགྲོ་རྒྱུར་བཀག་སྡོམ་བྱེད་པ་ལྟར་ཨ་རི་གཞུང་ནས་ཀྱང་རྒྱ་ནག་གི་གཞུང་འབྲེལ་མི་སྣའང་ཨ་རིའི་ནང་ལ་འཛུལ་འཇུག་རྒྱུ་མིན་པའི་གཏན་འབེབས་གནང་ཡོད་པ་དང་། ལྷག་པར་ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཊམ་མཆོག་གིས་ཨེ་ཤི་ཡར་རོགས་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པའི་ནང་བོད་མིའི་རིག་གཞུང་སྲུང་སྐྱོབ་དར་སྤེལ་དང་། དེ་བཞིན་ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་གནས་ཐུབ་པའི་འཛུགས་སྐྲུན་སྐོར་རོགས་དངུལ་གནང་རྒྱུ་ཁྲིམས་ཡིག་ནང་ཚུད་ཡོད་པ་དེས་བོད་ཐོག་གཡོ་བ་མེད་པའི་རྒྱབ་སྐྱོར་ཡོད་པ་བསྟན་ཡོད།

རྒྱ་ནག་གཞུང་གིས་ཨ་རི་སོགས་ལ་མཉམ་འབྲེལ་དང་གྲོས་མོལ་བྱེད་དགོས་ཟེར་བ་ནི་ཁ་བཤད་ལག་ལེན་མི་མཚུངས་པ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། གལ་སྲིད་མཉམ་འབྲེལ་དང་གྲོས་མོལ་གྱི་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཁ་ཞེ་གཉིས་མེད་ཡིད་ཆེས་བྱེད་ཀྱི་ཡོད་ན་བོད་དོན་ཐོག་ལ་དེ་དག་ལག་ལེན་དངོས་སུ་བསྟར་ཏེ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་གྲོས་མོལ་འགོ་འཛུགས་བྱེད་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པ་བསྐྱར་བརྗོད་བྱེད་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་གཞུང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་འགོ་འཛུགས་བྱེད་རྒྱུར་གྲ་སྒྲིག་ཡོད་པ་ནན་བརྗོད་བྱེེད་རྒྱུ་ཡིན།

རྒྱ་ནག་གཞུང་གིས་དུས་ཚོད་རིམ་སོང་བོད་ཀྱི་གནད་དོན་ཡང་རིམ་པས་རང་ཡལ་འགྲོ་རེ་བྱེད་ཀྱི་ཡོད་ཀྱང་། ང་ཚོ་བཙན་བྱོལ་བ་ཆགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་འོག་བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པའི་ཐོག་ནས་འཛམ་གླིང་ནང་ངོམས་ཆོག་པ་དང་ཚང་མས་ཆ་འཇོག་འཕེར་བ། དེ་བཞིན་གཞོན་སྐྱེས་ཚོ་གནའ་དེང་གི་ཤེས་ཡོན་ཟུང་ལྡན་གྱི་མི་རབས་ཤིག་ཆགས་ཐུབ་ཡོད་པ་བཅས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཐུབ་ཡོད། དེ་ལ་བརྟེན་ནས་གཞིས་བཞུགས་རྒྱ་ཆེ་མི་མང་ནས་རེ་བ་མ་བརླགས་པར་བློ་གཏད་ས་ཞིག་ཆགས་ཡོད་པ་དང། གཞིས་བཞུགས་བོད་མི་རྣམས་ནས་ཀྱང་རྡོག་རྩ་གཅིག་བསྒྲིལ་ཐོག་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་ནམ་ཡང་མ་ཞུམ་པར་རང་སྲོག་ཚུན་བློས་བཏང་གིས་གདོང་ལེན་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་བརྟན་པོར་བཟུང་ནས་བཞུགས་པ་དེས། ང་ཚོ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བ་རྣམས་ཀྱི་སྙིང་སྟོབས་འཕེལ་གཞི་ཆགས་ཡོད། དེར་བརྟེན་རྒྱ་ནག་གཞུང་ལ་བོད་མི་རིགས་ནམ་གནས་ཀྱི་བར་བོད་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན་པ་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན།

བོད་དང་བོད་མིར་མི་ལོ་ ༦༠ ཐམ་པའི་རིང་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་འདས་ལོ་ ༢༠༡༨ དེ་བཞིན་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་ཐོག་རྒྱ་གར་གཙོ་གྱུར་བོད་མི་གནས་སྡོད་བྱ་ཡུལ་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་ཞུས་པ་ཡིན། དེ་རིང་གོ་སྐབས་འདི་བརྒྱུད་བོད་མི་རྣམས་ལ་བཀྲིན་ཤིན་ཏུ་ཆེ་བའི་རྒྱ་གར་དབུས་སའི་གཞུང་མང་དང་། རྒྱལ་སྤྱི་ཁྱོན་ཡོངས་ལ་གནས་པའི་བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང། དབུ་འཁྲིད། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་ཚོགས་སྒེར་བཅས་ཡོངས་ལ་སླར་ཡང་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག ཇི་སྲིད་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བསམ་ན་ང་ཚོས་ལས་དོན་བྱས་པ་ལས་བྱེད་རྒྱུ་མང་བ་བསྡད་ཡོད། དེར་བརྟེན་བཀའ་ཤག་གིས་ཕྱི་ལོ་ ༢༠༡༩ འདི་བཞིན་ལག་བསྟར་དམ་བཅའི་ལོར་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན། ང་ཚོས་བོད་མི་མང་གི་བདེ་དོན་དང་། བོད་ནང་རང་དབང་སླར་གསོ། བོད་མི་རྣམས་ལ་འདྲ་མཉམ་གྱི་ཐོབ་ཐང་བཅས་ཡོང་སླད་དང་། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏཱ་ལར་གདན་ཞུ་བྱས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་སོར་བདེ་བར་འཁོད་ཐུབ་པའི་ཆེད་སྔར་ལྷག་འབད་བརྩོན་ཆེ་བསྐྱེད་བྱ་རྒྱུའི་དམ་བཅའ་བརྟན་པོ་བྱེད་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན།

མཐའ་དོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ལ་སྤེལ།། །།

Share this:
༢༤༩ ཀློག་གྲངས།