བཞུགས་སྒར་དྷ་རམ་ས་ནས་གསུམ་བཅུའི་དུས་དྲན་ཐེངས་༦༠ པ་སྲུང་བརྩི་ཞུས།

རྒྱ་ནག་དམར་པོའི་བཙན་འཛུལ་ལ་ངོ་རྒོལ་ཆེད་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠ པ་འཁོར་བའི་ཉིན་མོ་བཞུགས་སྒར་དྷ་རམ་ས་ནས་སྲུང་བརྩི་ཞུས་ཡོད་པ་རེད།
ཕྱི་ལོ་༢༠༡༩ ཟླ་༣ ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ ཐོག་བོད་ཀྱི་ཟློས་གར་ཚོགས་པའི་བསུ་བ་བཅས་ཀྱིས་སྐུ་མགྲོན་རྣམ་པ་གཙུག་ལག་ཁང་གི་མདུན་དུ་ཕེབས་ཏེ་བཞུགས་གྲལ་ཏུ་འཁོད། བོད་ཀྱི་ཟློས་གར་ཚོགས་པ་དང་མི་མང་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་མཉམ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་དང་། དེ་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་མྱ་ངན་ཞུ་སླད་ངག་བཅད་སྐར་མ་གཅིག་གནང་ཐོག་བོད་ཀྱི་ཟློས་གར་ཚོགས་པས་གསུམ་བཅུའི་དྲན་གླུ་བླངས་ཏེ་མཛད་སྒོ་དངོས་དབུ་འཛུགས་གནང་སོང་།
ཐེངས་འདིར་སྐུ་མགྲོན་གཙོ་བོ་ཨ་ཧྥི་རི་ཀའི་ (Botswana)སྦོ་སྭོ་ཝ་ནའི་སྲིད་འཛིན་ཟུར་པ་འབུམ་རམས་པ་ཨེན་ཁ་མ་( lan khama)ལགས་གཙོས་པའི་ཡོ་རོབ་མཐུན་ཚོགས་ཀྱི་འཐུས་མི་དང་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི། དེ་བཞིན་རྒྱ་ཁབ་མི་འདྲ་བ་བཅུ་ཡི་གྲོས་ཚོགས་ཀྱི་འཐུས་མི་དང་རྒྱ་ནག་བོད་དོན་རྒྱབ་སྐྱོར་ཚོགས་པ་གསུམ་གྱི་འཐུས་ཚབ་ཀྱིས་མཚོན། ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡུ་རོབ་ཁུལ་བཅས་ནས་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་ནག་སྐམ་ས་ཆེན་མོ་ནས་མང་གཙོ་དོན་གཉེར་བ་སོགས་མང་པོ་ཞིག་ཆེད་ཕེབས་གནང་ཡོད་པ་རེད།  གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ་གཙོས་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་འགན་འཛིན་རྣམས་དང་སློབ་ཕྲུག་སོགས་རྒྱལ་དར་ལག་ཏུ་ཐོགས་པའི་སེར་སྐྱ་མི་མང་སྟོང་ཕྲག་ལྷག་འདུ་འཛོམས་གནང་ཡོད་པ་རེད།

སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་ལྷན་ཚོགས་ཀྱི་གཏམ་བཤད་གནང་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡོངས་ཁྱབ་ཏུ་སྲིད་སྐྱོང་གི་གསུང་འཕྲིན་གནང་སོང་།  དེ་རྗེས་རྒྱལ་ཁབ་གཞན་གྱི་གྲོས་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་འཐུས་མི་རྣམས་ཀྱིས་སེམས་ཚོར་ཆེན་པོས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་རྒྱས་པ་གནང་རྗེས། སྐུ་མགྲོན་གཙོ་བོ་ཨ་ཕྷི་རི་ཀའི་(Botswana)བྷོ་སོ་ཝ་ནའི་སྲིད་འཛིན་ཟུར་པ་འབུམ་རམས་པ་ཨེན་ཁ་མ་(lan khama)མཆོག་གིས་གཏམ་བཤད་གནང་དོན། དེ་རིང་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༠ མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བར་ང་ལ་ཆེ་མཐོང་ཧ་ཅང་ཐོབ་པ་བྱུང་། ངའི་ལུང་པའི་ནང་གི་མི་མང་ཕོ་མོ་མང་པོ་ཞིག་གིས་དེ་རིང་མཛད་སྒོ་འདི་བརྒྱུད་ནས་ཁྱེད་བོད་མི་རྣམས་ལ་འཚམས་འདྲི་གནང་སོང་། ཁ་སང་དགོང་དྲོ་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་བ་མཐོང་བྱུང་།

དེ་རིང་འདིར་ཡང་བོད་ཀྱི་རྒྱལ་དར་མང་པོ་མཇལ་རྒྱུ་འདུག ཕ་གིར་བོད་མི་གཞོན་སྐྱེས་གཉིས་ཀྱི་གདོང་པར་བོད་ཀྱི་རྒྱལ་དར་གྱི་རི་མོ་བྲིས་འདུག  གཏམ་བཤད་ཚར་རྗེས་ངས་ཁོང་གཉིས་དང་ལྷན་པར་བརྒྱབ་ནས་རྒྱ་ནག་གཞུང་ཚབ་ཁང་ལ་གཏང་རྒྱུ་ཡིན། ཕྱི་ལོ་ ༡༩༥༩ ལོར་དེ་རིང་གི་ཉིན་མོར་བོད་མི་སྟོང་ཕྲག་མང་པོས་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུ་ཕྱྭའི་ཉེན་སྲུང་ཆེད་ངོ་རྒོལ་སྐད་འབོད་བྱས་ཡོད། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་སྲིད་བྱུས་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་ལ་གདོང་ལེན་ཆེད་ངོ་རྒོལ་རྔམ་སྟོན་བྱས་ཡོད། འོན་ཀྱང་རྒྱ་ནག་བཅིངས་བཀྲོལ་དམག་གིས་མཚོན་ཆ་མ་ཐོགས་པའི་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱས་མཐར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་བོད་མི་ཁྲི་བརྒྱད་ལྷག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་དགོས་བྱུང་བ་རེད།  དེར་བརྟེན་ངས་དེ་རིང་གོ་སྐབས་འདི་བརྒྱུད་རྒྱ་གར་གྱི་སྲིད་གཞུང་རིམ་པས་བོད་མི་བཙན་བྱོལ་བ་རྣམས་ལ་ད་བར་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།

ང་རང་གིས་གཙོས་འདིར་དབུ་ཁྲིད་རྣམ་པས་རྒྱལ་སྤྱིའི་སྤྱི་ཚོགས་མཚོན་བཞིན་ཡོད། ང་ཚོ་འདིར་ཡོང་བ་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་དཀའ་སྡུག་ནམ་ཡང་རྗེད་ཐབས་མེད་པའི་བརྡ་ལན་ཞིག་མཚོན་ཐུབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་མཛད་པ་ལྟར་འཚེ་མེད་ཞི་བའི་ལམ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་ཡོད། བོད་མི་ཚོས་མའོ་ཙེ་ཏུང་དུས་སྐབས་དང་མའོ་ཙེ་ཏུང་རྗེས་ཀྱི་དུས་སྐབས་སུའང་དཀའ་སྡུག་ཧ་ཅང་མྱངས་ཡོད་བཞིན་དུ་བོད་རྒྱ་མི་རིགས་གཉིས་སྨན་གྱི་ཐབས་ལམ་བདམས་པ་དེ་ནི་ངོ་མཚར་ལྡན་པ་ཞིག་རེད།

བོད་མཐོ་སྒང་གི་ཁོར་ཡུག་ལ་མཚོན་ན་ཉེ་ལམ་ཁོར་ཡུག་ཚན་རིག་པ་ཚོས་བོད་མཐོ་སྒང་གི་ཁོར་ཡུག་དེ་བཞིན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བརྗོད་ཡོད།  འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་འཁྱགས་རོམ་ཆེ་ཤོས་དེ་བོད་མཐོ་སྒང་སྟེང་ཡོད།  ཨེ་ཤི་ཡའི་གཙང་པོ་ཆེ་ཁག་བཅུའི་འབྱུང་ཁུངས་བོད་མཐོ་སྒང་ཆགས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ནང་ཆུ་མཛོད་ཧ་ཅང་མང་པོ་བརྒྱབ་དང་རྒྱག་བཞིན་པ་དང་། ཤིང་ནགས་ཧ་ཅང་ཆེན་པོ་གཅོད་བྲེག་བྱེད་བཞིན་པ་དེ་དག་ལ་བརྟེན་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པའི་ཁྲོད་བསམ་ཚུལ་གཅིག་མཚུངས་ཡོང་བཞིན་ཡོད། བོད་ནང་བོད་མིའི་མི་རབས་གསུམ་གྱི་རིང་རྒྱ་ནག་གིས་ཆབ་སྲིད་དམ་བསྒྲགས་འོག་གཞི་རྩའི་བོད་མིའི་སྨྲ་བརྗོད་དང་ཆོས་དད་རང་དབང་ལ་བརྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད།  བོད་ནང་གི་བོད་མི་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུ་པར་ཙམ་ཡང་ཉར་བ་ཡིན་ཚེ་བཙོན་འཇུག་གི་ཉེས་ཆད་ཕོག་གི་ཡོད། ལྷག་པར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་སྡེ་ཁག་གི་དགེ་བཙུན་རྣམས་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན་ཤུགས་ཆེ་བྱས་པ་མ་ཟད། དགོན་པ་ནས་གྲྭ་བཙུན་མང་པོ་བཙན་དབང་འོག་ཕྱིར་འབུད་བཏང་དང་གཏོང་བཞིན་ཡོད།

ད་རང་སྔ་དྲོ་ང་རང་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་བྱུང་། ཁོང་ནི་ཧ་ཅང་བྱམས་བརྩེ་ལྡན་ཞིང་གཞན་ལ་ཐུགས་བརྩེ་ཧ་ཅང་མཛད་མཁན་ཁེངས་དྲེགས་རྩ་བ་ནས་མེད་པའི་གང་ཟག་ཞིག་ཏུ་མཇལ་བྱུང་། ཁོང་གིས་དུས་རབས་འདི་ནི་དེ་སྔ་དང་མི་འདྲ་བར་དཀའ་རྙོག་རྣམས་དྲག་པོའི་ལམ་ནས་མིན་པར་འཚེ་མེད་ཞི་བའི་ལམ་ནས་སེལ་དགོས་པ་བཀའ་སློབ་སྩོལ་བཞིན་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིར་འདི་ལྟ་བུའི་འཇིགས་སྣང་བྱེད་དགོས་པ་གང་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མེ་མདའ་དང་རྡུལ་ཕྲན་མཚོན་ཆ་མེད་ལ། ལྕགས་ཁྲབ་འཁོར་ལོ་དང་མཚོ་དམག་གི་གྲུ། དམག་གི་གནམ་གྲུའང་མེད།  ཁོང་ལ་རྒྱ་ནག་གི་སྲིད་འཛིན་བྱེད་དགོས་བསམ་པའང་མེད།   ༸གོང་ས་ཏྰ་ལའི་བླ་མ་མཆོག་ལ་ཡོད་པ་ནི་བྱམས་པ་དང་བརྩེ་བ་རེད། དེ་ལ་རྒྱ་ནག་གིས་ཞེད་ཀྱི་ཡོད་པ་རེད་སོགས་གསུངས་སོང་།
མཛད་སྒོ་གྲོལ་མ་ཐག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་གོ་སྒྲིག་བྱས་ཐོག་མི་མང་གིས་གཙུག་ལག་ཁང་གི་རྒྱལ་སྒོའི་འགྲམ་ནས་ཀ་ཅ་རིའི་ཐང་བར་དུ་གོམ་བགྲོད་དང་། གཞན་ཡང་བོད་ཀྱི་རྒྱལ་དར་དང་རྒྱ་མི་བོད་ནས་མར་རྒྱུགས་ཞེས་པའི་འཕྲད་དར་ཁྱེར་ཏེ་གནམ་ལ་འཕུར་བ་བཅས་བྱས་སོང་། །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༣༤༢ ཀློག་གྲངས།