བོད་དོན་ལས་འགུལ་བ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས།

 ཟླ་འདིའི་ཚེས་༡༢ ཉིན་ཏེ། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ནས་ལྷ་སར་བོད་ཀྱི་བུད་མེད་སྒེར་ལངས་བྱས་ནས་ལོ་དྲུག་ཅུ་འཁོར་བའི་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་གཞོན་ལྷན་གྱིས་གོ་སྒྲིག་བྱས་པའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ཉིན་གསུམ་པར་རྒྱ་ནག་གཞུང་ཚབ་སྒོ་རུ་ངོ་རྒོལ་དང་། གཞུང་ཚབ་ནང་རྒོད་མཆོང་བྱེད་ཐབས་བྱས་པར་བརྟེན། རྒྱ་གར་ཉེན་རྟོག་པས་བོད་མི་༡༥༠ ལྷག་བཀག་ཉར་བྱས་ཡོད་པ་རེད།
དེ་ཡང་ཉིན་དེའི་ལས་འགུལ་རུ་ཁག་གཉིས་སུ་བགོས་ཡོད་པ་དང་། རུ་ཁག་དང་པོས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཀྱི་ཉེ་འཁྲིས་ཁྲཱན་མ་ཊི་མར་(Teen Murti Marg) ས་གནས་ནས་གོམ་བགྲོད་ཁྲོམ་སྐོར་བྱས་ཏེ། རྒྱ་ནག་གཞུང་ཚབ་ཕྱོགས་སུ་བསྐྱོད་སྐབས། ཉེན་རྟོག་པས་བཀག་འགོག་བྱས་པ་དང་། རུ་ཁག་གཉིས་པའི་ནང་མི་བརྒྱ་དང་ལྔ་བཅུས་རྒྱ་ནག་གཞུང་ཚབ་འཁྲིས་ལ་གསང་བའི་ཐོག་བསྐྱོད་ནས། གཞུང་ཚབ་སྒོ་རུ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཞུང་ཚབ་ནང་འཛུལ་ཐབས་བྱས་པར་བརྟེན། རྒྱ་གར་ཉེན་རྟོག་པ་དང་དམག་མིས་ལས་འགུལ་བ་ཚང་མ་འཇུས་ནས་བཀག་ཉར་བྱས་ཡོད་པ་རེད།
ལས་འགུལ་དེའི་འགན་ཁུར་བ་གཞོན་ལྷན་གྱི་ཕྱི་འབྲེལ་འགན་འཛིན་ཚེ་དབང་སྒྲོལ་མས་གསུང་དོན། “གཞོན་ལྷན་གྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཉིན་གསུམ་པ་རེད། གཙོ་བོ་ང་ཚོའི་དགྲ་དེ་རྒྱ་ནག་ཆགས་བསྡད་ཡོད་པས། རྒྱ་ནག་གཞུང་ཚབ་ནང་སོང་སྟེ་རྣམ་འགྱུར་སྟོན་དགོས་པ་གལ་ཆེན་པོ་རེད། དེ་རིང་ལས་འགུལ་ནང་བསྡོམས་པའི་མི་ཆིག་སྟོང་ཉིས་བརྒྱ་ཙམ་ཡོད། ༡༩༥༩ ལོའི་གསུམ་བཅུའི་སྒེར་ལངས་སྐབས་ཀྱི་འབོད་ཚིག་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་པའི་འབོད་སྒྲ་གཞིར་བཞག་ནས་འབོད་ཚིག་བསྒྲགས་ཡིན། ད་ཐེངས་མི་མང་པོ་འཛོམས་ཡོད་རེད་ལ། ལས་འགུལ་ཚགས་ཚུད་པོ་བྱུང་སོང་”ཞེས་འགྲེལ་བརྗོད་གནང་སོང་།
ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་མཐོ་རིམ་སློབ་མ་བུད་མེད་ཅིག་གིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། “གསུམ་བཅུའི་དུས་དྲན་ལས་འགུལ་ནང་ཞུགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཙོ་བོ་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཡོད་རེད། མཐོ་སློབ་ནས་སློབ་སྦྱོང་བྱེད་རྒྱུ་གཅིག་པུ་མིན་པར། བོད་ཀྱི་དོན་དུ་ག་རེ་བྱེད་ཐུབ་དང་བོད་ལ་དཀའ་ངལ་ག་རེ་ཡོད་པ་དེ་ཧ་གོ་རྒྱུ་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་ནམ་རྒྱུན་ང་ཚོ་བོད་མིའི་སོན་རྩ་རེད་གསུང་གི་ཡོད་པས། འགན་ཁུར་དེ་ལག་ལེན་དགོས་པ་གལ་ཆེན་པོ་རེད། ཁ་ནས་བཤད་རྒྱུ་གཅིག་པུ་མ་ཡིན་པར་ལག་བསྟར་བྱེད་ཐུབ་པའི་རིགས་བྱེད་དགོས་ཀྱི་རེད། ལས་འགུལ་འདིའི་རིགས་ལག་བསྟར་ཐུབ་པ་ཞིག་རེད། བོད་རང་བཙན་ཤོར་ནས་བོད་མི་སྒེར་ལངས་བྱས་ཏེ། ལོ་དྲུག་ཅུ་འཁོར་གྱི་ཡོད་པ་དང་། མཚམས་རེར་སོ་སོ་ལས་ཀར་འགོ་འཁོར་ནས་རྩ་དོན་འཐུས་ཤོར་འགྲོ་ཡི་རེད། དེར་བརྟེན་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དེའི་རིགས་ནང་ལ་ཞུགས་ན་ཚོར་བ་དང་དྲན་པ་གསོས་ཡོང་གི་འདུག་”ཅེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ལྡི་ལི་ནས།
Share this:
༡༦༠༧ ཀློག་གྲངས།