བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༠ པ་སྲུང་བརྩི་རྒྱ་ཆེར་ཞུས་སོང་།

རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བློས་བཏང་ལ་དྲན་གསོ་ཞུ་ཆེད་ནུས་པ་བསྐྱར་གསོ་བྱས་པའི་ཐོག ཆོད་སེམས་བརྟན་པོས་བོད་ཀྱི་འཐབ་རྩོད་དེ་དག་རྒྱུན་འཁྱོངས་བྱ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན་ཞེས་བུད་མེད་སྒེར་ལངས་ཐེངས་༦༠ པའི་ཐོག་བསྒྲགས་གཏམ་སྤེལ་སོང་།
ཕྱི་ལོ་༢༠༡༩ ཟླ་ ༣ ཚེས་༡༢ ཉིན་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༦༠ པ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འགྲམ་དུ་ཡོད་པའི་དཔའ་བོའི་རྡོ་རིང་གི་མདུན་དུ་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་གི་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་དང་རྡ་ས་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ལྕམ་ར་ཅི་ནི་ཝས། བོད་མི་མང་སྤྱི་འཐུས་དང་ས་གནས་འགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་གྱིས་གཙོས་པའི་སློབ་ཕྲུག་དང་བཙུན་མ། དེ་བཞིན་རྡ་སའི་གཡས་གཡོན་དུ་གནས་སྡོད་ཀྱི་བུད་མེད་སོགས་ལོ་ན་རྒན་གཞོན་མེད་པར་བུད་མེད་བརྒྱ་ཕྲག་དུ་མ་ཞིག་མཉམ་ཞུགས་གནང་འདུག
ཐོག་མར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་མྱ་ངན་གུས་འདུད་ཀྱིས་ངག་བཅད་སྐར་མ་གཅིག་བྱས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བུད་མེད་ལངས་གླུ་བཅས་བླངས་སོང་། དེ་ནས་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ནས་བུད་མེད་སྒེར་ལངས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་རྗེས། བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བོད་ནང་དུ་བོད་ཀྱི་བུད་མེད་སྒེར་ལངས་ལང་དགོས་པའི་སྐོར་དང་། ང་ཚོར་མི་རེ་ངོ་རེ་ལ་བོད་རྒྱལ་ཁབ་དང་སྐད་ཡིག དེ་བཞིན་རིག་གཞུང་བཅས་ཀྱི་ཆེད་དུ་འགན་འཁྲི་ག་རེ་ཡོད་མེད་སོགས་ཀྱི་སྐོར་གསུངས་པ་མ་ཟད། སློབ་ཕྲུག་ཚོར་ཆེད་དུ་པོ་རྨོ་ཚོར་རྒྱ་གར་ཡོང་དོན་དང་ང་ཚོ་རྒྱ་གར་ག་རེ་བྱས་ནས་བསྡད་པའི་དོན་ཤེས་དགོས་ཚུལ་དང་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་སྐོར་ལ་བཀའ་སློབ་གནང་སོང་།
གཞན་ཡང་རྡ་ས་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་ལྕམ་ར་ཅི་ནི་ཝས་ལགས་ནས་གཏམ་བཤད་གནང་བ་དང་། བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས་དུས་དྲན་དང་འབྲེལ་༡༠༡༩ ལོ་འདི་ཆབ་སྲིད་རང་བཞིན་ལྡན་པའི་ཐོག་ནས་གལ་ཆེ་ཚུལ་དང་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས། དེ་བཞིན་མ་འོངས་བོད་ཀྱི་འཐབ་རྩོད་ཡུན་རིང་གནས་དགོས་ཚེ་ན་གཞོན་ཚོའི་སེམས་ལ་ད་ལྟའི་བོད་ཀྱི་འཐབ་རྩོད་བག་ཆགས་འཇོག་ཐུབ་དགོས་པ་དེ་ང་ཚོའི་ལས་འགན་ཡིན་པའི་སྐོར་སོགས་གསུངས་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ནས་ཐུགས་རྗེ་ཆེ་ཞུས་རྗེས། མཛད་སྒོ་གྲོལ་མ་ཐག་བཙུན་མ་རྣམས་སྔོན་དང་དེའི་རྗེས་ནས་སློབ་ཕྲུག་དང་མི་མང་བཅས་རིམ་གྱིས་བང་བསྒྲིགས་ཏེ་དཔའ་བོ་རྡོ་རིང་ནས་ཀ་ཅ་རི་བར་གོམ་བགྲོད་དང་སྐད་འབོད་ཀྱི་ལས་འགུལ་འགོ་འཛུགས་གནང་ཡོད་པ་རེད།
བོད་ཀྱི་བུད་མེད་སྒེར་ལངས་ནི་༡༩༥༩ ཟླ་༣ ཚེས་༡༢ ཉིན་བོད་ཀྱི་བུད་མེད་ཚོས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་ཞི་རྒོལ་སྒེར་ལངས་བྱས་ཏེ་འཚེ་མེད་ཞི་བའི་ལས་འགུལ་གྱི་གཞི་འགོ་བཙུགས་ཡོད་པ་དང་། དེ་ནས་བཟུང་དེ་རིང་བར་བོད་ཀྱི་བུད་མེད་ཚོས་སྙིང་སྟོབས་ཞུམ་པ་མེད་པར་ལོ་ངོ་ཧྲིལ་པོ་༦༠ རིང་། རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་ཧམ་བཟུང་བྱས་ཏེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་། ཆོས་རིག་གཞུང་དང་སྐད་ཡིག་རྩ་གཏོར་སོགས་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལ་ཞི་རྒོལ་ལྷོད་མེད་བྱས་ཡོད་པ་རེད།
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༣༨༨ ཀློག་གྲངས།