བཙན་དབང་འཁྲིག་སྤྱོད་བྱེད་མཁན་ཡེ་ཤུ་བླ་ཆེན་ཞིག་བཙོན་འཇུག་བྱས་འདུག

དེང་གི་ཆར་ཡེ་ཤུ་ཁེ་ཐོ་ལེག་ཆོས་ལུགས་ནང་། བླ་ཆེན་དང་ཆོས་དཔོན་སོགས་ཀྱིས་ཕྲུ་གུ་མང་པོར་བཙན་གཡེམ་དང་ཚུལ་མིན་གྱི་འཁྲིག་སྤྱོད་རོགས་བྱས་པའི་གནས་ཚུལ་ཕྱིར་ཐོན་བཞིན་པ་དང་བསྟུན། དེ་སྔོན་ཡེ་ཤུ་བླ་དཔོན་ལ་ལམ་སྟོན་བྱེད་མཁན་བླ་ཆེན་འཁོར་ཚོགས་ནང་ཡིན་པའི་བླ་ཆེན་ཞིག་གིས། ཕྲུ་གུ་གཉིས་ལ་བཙན་དབང་འཁྲིག་སྤྱོད་བྱས་པའི་ནག་ཉེས་ཕོག་ནས་ལོ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོ་ནི་ད་བར་གནད་དོན་དེའི་ཁྲིམས་ཐག་བཅད་པའི་ཡེ་ཤུའི་བླ་ཆེན་གོ་གནས་མཐོ་ཤོས་དེ་ཡིན་འདུག

ཟླ་༣ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་མེལ་བྷོན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་ཏུ། རང་ལོ་༧༧ སོན་པའི་ཡེ་ཤུ་ཁེ་ཐོ་ལེག་གི་བླ་ཆེན་ཇོར་ཇེ་པཱེལ་གྱིས། ཕྲུ་གུ་གཉིས་ལ་བཙན་དབང་འཁྲིག་སྤྱོད་བྱས་པའི་ནག་ཉེས་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པ་དང་། སྐབས་དེར་ཨོ་སི་ཀྲོ་ལི་ཡའི་ས་གནས་མང་པོ་ཞིག་ནས། དེ་སྔོན་ཡེ་ཤུ་ཁེ་ཐོ་ལེག་གི་བླ་ཆེན་དང་ཆོས་དཔོན་སོགས་ཀྱི་ལག་ནས་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་ཕོག་མྱོང་མཁན་མང་པོ་ཞིག་ཆེད་དུ་ཉན་ཞིབ་བྱེད་པར་སླེབས་ཏེ། ཁྲིམས་ཁང་ནང་དུ་མི་མང་དྲགས་ནས་རྐུབ་སྟེགས་སྣོན་མ་སྒྲིག་འཇོག་བྱེད་དགོས་འཁེལ་འདུག

དེ་ཡང་ལོ་སྔོན་མའི་ཟླ་༡༢ པའི་ནང་ཁྲིམས་ཁང་གི་བཤེར་དཔང་རྣམས་ཀྱིས་སྤྱི་མོས་ཐོག་ནས། བླ་ཆེན་པཱེལ་གྱིས་ཕྲུ་གུ་ལོ་ན་༡༦ འོག་ཡིན་པ་ཞིག་ལ་བཙན་དབང་ཐོག་ནས་མཚན་མ་ནང་འཇུག་གི་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་ཡོད་པ་དང་། དེ་བཞིན་ཕྲུ་གུ་ལོ་ན་༡༦ འོག་ཡིན་པ་གཞན་ཞིག་ལ་ཚུལ་མིན་གྱི་འཁྲིག་སྤྱོད་ཀྱི་གནོད་འཚེ་ཐེངས་༤ བྱས་པའི་ནག་ཉེས་ར་སྤྲོད་བྱུང་བར་ཐག་གཅོད་བྱས་ཡོད་འདུག་པ་དང་། ཁྲིམས་ཐག་ཟླ་༣ པའི་ཚེས་༡༣ ཉིན་བཅད་པ་རེད་འདུག དེ་ཡང་ཁོ་ཡིས་ཕྲུ་གུ་དེ་གཉིས་ལ་ཕྱི་ལོ་༡༩༩༦ དང་༡༩༩༧ ལོ་གཉིས་ལ་བཙན་དབང་འཁྲིག་སྤྱོད་བྱས་ཡོད་འདུག་པ་དང་། སྐབས་དེར་ཁོ་ཨོ་སི་ཀྲོ་ལི་ཡའི་ལྷ་ཁང་ཞིག་གི་མཁན་ཆེན་ཡིན་འདུག

བླ་ཆེན་པཱེལ་ནི་དེ་སྔོན་ཡེ་ཤུ་ཁེ་ཐོ་ལེག་གི་བླ་དཔོན་ཧྥེ་རན་སི་སས་ལ་ལམ་སྟོན་བྱེད་མཁན་གྱི་བླ་ཆེན་འཁོར་ཚོགས་ནང་དུ་ཡོད་འདུག་པ་དང་། ལོ་སྔོན་མའི་ནང་བླ་དཔོན་ལས་ཁུངས་ཀྱིས་ཁོང་དང་བླ་ཆེན་གཞན་གཉིས་ལོ་ཆེན་པོ་སླེབས་ཡོད་པའི་རྒྱུ་མཚན་གྱིས། བླ་ཆེན་འཁོར་ཚོགས་ནས་གནས་དབྱུང་བཏང་ཡོད་པ་རེད་དེ། རྒྱུ་མཚན་ངོ་མ་ནི་ཁོང་དང་བླ་ཆེན་གཞན་པ་ཞིག་ལ་བཙན་དབང་འཁྲིག་སྤྱོད་ཀྱི་ནག་ཉེས་འོག་ཞིབ་འཇུག་འགྲོ་བཞིན་ཡོད་པས་ཡིན་འདུག འོན་ཀྱང་བླ་ཆེན་པཱེལ་གྱིས་ཟླ་སྔོན་མ་བར་ཡེ་ཤུ་ཁེ་ཐོ་ལེག་གི་དབུས་འཛིན་སྐྱོང་ལས་ཁང་གི་དངུལ་གཉེར་གྱི་ལས་ཀ་མུ་མཐུད་བྱས་འདུག་པ་དང་། དབང་ཚད་ཐོག་ནས་བཤད་ན་གོ་གནས་དེ་མཐོ་ཤོས་ཨང་གསུམ་པ་ཆགས་ཀྱི་ཡོད་འདུག

བླ་ཆེན་པཱེལ་གྱིས་ཁྲིམས་ཁང་གི་ཐག་གཅོད་དེར་བསྐྱར་ཞུ་བྱེད་རྒྱུ་ཡིན་འདུག་པས། ཟླ་༦ པའི་ཚེས་༥ རྗེས་ནས་ཁྲིམས་ཁང་ཞིག་གིས་བསྐྱར་ཞུ་དེར་ཉན་ཞིབ་བྱེད་རྒྱུའི་ཐད་ཐག་གཅོད་བྱེད་རྒྱུ་ཡིན་འདུག་པ་དང་། ད་ལྟའི་ཆར་ཁོ་བཙོན་འཇུག་འོག་སྡོད་དགོས་ཀྱི་ཡོད་ཀྱང་། ལོ་༣ དང་ཟླ་བ་༨ ཀྱི་རྗེས་ལ་བཙོན་གྲོལ་ཐོབ་པའི་ཆ་རྐྱེན་ཚང་གི་ཡོད་པ་རེད་འདུག

ཁྲིམས་དཔོན་གྱིས་བླ་ཆེན་པཱེལ་གྱི་ལོའི་བབས་དང་འཕྲོད་བསྟེན་ལ་བསམ་ཤེས་བྱས་ཏེ། བཙོན་འཇུག་གི་དུས་ཡུན་ཐག་གཅོད་བྱས་སྐོར་བརྗོད་འདུག ཁྲིམས་ཐག་ཉན་ཞིབ་བྱེད་པར་སླེབས་མཁན་གནོད་འཚེ་ཕོག་ཡུལ་མང་པོ་ཞིག་གིས། ཐག་གཅོད་དེར་དགའ་བསུ་བྱས་འདུག་ཀྱང་། དེ་སྔོན་བླ་ཆེན་པཱེལ་གྱིས་གནོད་འཚེ་གཏོང་ཡུལ་ནང་ནས་གསོན་པོ་ཡིན་པ་དེའི་ཁྲིམས་རྩོད་པས་ཁོའི་བསྒྲགས་གཏམ་སྒྲོགས་སྦྱང་བྱས་འདུག་པ་དང་། དེའི་ནང་འབྱུང་འགྱུར་གྱི་ཁྲིམས་ཁང་ལ་བསྐྱར་ཞུའི་གནད་དོན་ལ་བརྟེན་ནས། ཁོ་ལ་ངལ་གསོ་བྱེད་པའི་དུས་ཚོད་མེད་སྐོར་བརྗོད་འདུག

ཉེ་བའི་ལོ་ཤས་གོང་ནས་ཡེ་ཤུ་ཁེ་ཐོ་ལེག་གི་ཆོས་འབྲེལ་མི་སྣ་མང་པོས། རྒྱུན་རིང་པོ་ཞིག་ནས་བྱིས་པ་གཙོས་པའི་རྗེས་འབྲངས་པ་སྟོང་ཕྲག་མང་པོར། བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་བའི་བློ་ཡུལ་ལས་འདས་པའི་གནས་ཚུལ་མང་པོ་ཞིག་ཕྱིར་ཐོན་ནས། རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ཡེ་ཤུ་བླ་དཔོན་ལ་གནོན་ཤུགས་ཆེན་པོ་སླེབས་ཡོད་པས། བླ་དཔོན་གྱིས་བཙན་དབང་འཁྲིག་སྤྱོད་ཀྱི་དཀའ་ངལ་སེལ་ཆེད་དུ་ཚོགས་ཆུང་བཙུགས་ཡོད་ཁར། ཐེངས་མང་པོ་ཞིག་ལ་ཚུལ་མིན་གྱི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་དང་། གནོད་འཚེ་ཕོག་ཡུལ་རྣམས་དང་ཐུག་འཕྲད་བྱས་ཡོད་པ་རེད་དེ། སྐྱོན་བརྗོད་པ་མང་པོ་ཞིག་གིས་ཁོང་གིས་ཕྲུ་གུར་བཙན་དབང་འཁྲིག་སྤྱོད་བྱེད་མཁན་གྱི་བླ་ཆེན་དང་ཆོས་དཔོན་རྣམས་དང་གནད་དོན་དེ་རིགས་སྦས་གསང་བྱེད་མཁན་རིགས་ལ་ཁ་གཏད་གཅོག་ཆེད། ད་ལྟ་ལས་ཀ་ཆེན་པོ་བྱེད་པའི་ནུས་པ་ཡོད་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༧༣༦ ཀློག་གྲངས།