ཞིང་གཤེགས་དམ་པ་རྒྱ་རི་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་སླད་དུ་བཏང་བའི་མཛད་རྗེས་ལ་དྲན་གསོ་ཞུས་འདུག

ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་སྒྲིས་སིས་ནང་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག
༧གོང་ས་སྐྱབས་མགོན་ཆེན་པོའི་དམིགས་བསལ་སྐུ་ཚབ་དང་བཀའ་ཟུར་ཞིང་གཤེགས་དམ་པ་རྒྱ་རི་རིན་པོ་ཆེའི་སྐུ་ཚེའི་མཛད་རྗེས་ཨ་རིའི་གྲོས་ཚོགས་ཁང་དུ་དྲན་གསོ་ཞུས་ཡོད་འདུག

སྐབས་དེའི་དྲན་གསོའི་མཛད་སྒོའི་ཐོག་རིན་པོ་ཆེའི་སྐུ་ཟླ་རྒྱ་རི་ཟླ་བ་ལགས་དང་སྲས་མོ་བསྟན་འཛིན་ཚེ་རིང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སིས་པེ་ལོ་སིས་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་དང་ལས་ཟུར་ཁག་ཅིག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ རི་ཆརཌ་གྷིཡར་སོགས་རིན་པོ་ཆེ་དང་བོད་དོན་འབྲེལ་བའི་ཨ་རིའི་གཞུང་དང་ཚོགས་སྡེ་གཞན་ཁག་གི་གནད་ཡོད་མི་སྣ་མང་པོ་ཞིག་དང་། དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ས་གནས་བོད་མི་སོགས་མཉམ་ཞུགས་གནང་ཡོད་འདུག
མཛད་སྒོའི་ཐོག་ནེན་སི་པེ་ལོ་སིས་གསུང་དོན། རྒྱ་རི་རིན་པོ་ཆེ་མཆོག་ནི་བོད་མིའི་བདེན་དོན་འཐབ་རྩོད་ཐོག་བློ་སྤོབས་ཆེན་པོས་སྐུ་ལས་བསྐྱོན་གནང་མཁན་ཞིག་དང་། ཨ་རིའི་གྲོས་ཚོགས་ནང་ཡང་ཆབ་སྲིད་ཚོགས་པ་ཁག་གཉིས་ཀྱི་འཐུས་མིར་བློ་བསྐྱེད་སྤེལ་བའི་ཕྱག་ལས་གནང་མཁན། དེ་བཞིན་གཟིགས་རྒྱང་རིང་བའི་འཐབ་རྩོད་ཀྱི་རིམ་པ་ཁག་ལ་མོས་པ་ཆེན་པོ་གནང་གི་ཡོད་པ་མ་ཟད། སྐུ་ཚེ་ཧྲིལ་པོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་པས་ད་ལྟ་ང་ཚོའི་དཀྱིལ་དུ་བཞུགས་མེད་པར་བློ་ཕམ་ཡོད་ཀྱང་། ཁོང་གིས་ཐུགས་འཚབ་གནང་ཡུལ་དང་ཛ་དྲག་གི་གནས་སྟངས་འོག་ཏུ་ཡོད་པའི་བོད་ནང་དུ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་གླེང་མོལ་ཞུ་རྒྱུ་དེ་ང་ཚོ་ཚང་མར་ལས་འགན་ཡོད་པས། བོད་ཀྱི་གྲོགས་པོ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཐོག་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་འདུག་པ་དང་། གཞན་ཡང་རི་ཆརཌ་གྷིཡར་སོགས་རིན་པོ་ཆེ་དང་ཐུགས་འདྲིས་ཆེ་བའི་གནད་ཡོད་མི་སྣ་རྣམས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རིན་པོ་ཆེའི་རྣམ་དཔྱོད་དང་བོད་དོན་དུ་སྐུ་ཚེའི་མཛད་རྗེས་སོགས་འགྲེལ་བཤད་གནང་བའི་ཐོག་ནས་ཁོང་གིས་བོད་དོན་ཙམ་མིན་པར་འཛམ་གླིང་སྤྱི་ལ་ཕན་པ་ཡོད་པའི་ཆེ་བསྟོད་དང་རྗེས་དྲན་གནང་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷུ་ཤི་ལགས་ཀྱིས་རྗེས་དྲན་མཛད་སྒོའི་ཐོག་ཕྱག་བྲིས་ཤིག་ཀྱང་གནང་ཡོད་པ་བཅས་ཀྱི་གནས་ཚུལ་འདུག

ཞིང་གཤེགས་དམ་པ་རྒྱ་རི་རིན་པོ་ཆེ་མཆོག་ནི་བཀའ་བློན་དང་༧གོང་ས་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ། དེ་བཞིན་བོད་རྒྱ་གྲོས་མོལ་གནང་མཁན་སོགས་ཀྱིས་མཚོན་སྐུ་ཚེ་ཧྲིལ་པོར་བོད་དོན་སླད་དུ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་དང་། སྟབས་མ་ལེགས་པར་ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་དགུང་ལོ་༦༩ བཞེས་པའི་ཐོག་མཆིན་སྐྲན་གྱིས་རྐྱེན་བྱས་ནས་ཨ་རིར་སྐུ་གཤེགས་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༥༣ ཀློག་གྲངས།