ཏཱ་ལའི་རུ་ཚོགས་ཀྱི་སྟོང་བསམ་ནམ་ཡང་འགྲུབ་ཏུ་མི་འཇུག་ཟེར།

ད་ཞག་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་བསྙོན་འཛུགས་ཀྱི་དཔྱད་གཏམ་ཚུལ་དང་གསར་འགྱུར་མང་པོ་ཞིག་རྒྱ་ནག་གཞུང་འབྲེལ་བོད་ཡིག་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་འདུག

དེ་བཞིན་ཟླ་འདིའི་ཚེས་༡༤ ཉིན་ཀྲུང་གོའི་བོད་ཀྱི་དྲ་བ་ཞེས་པའི་ནང་དུ་༧གོང་ས་མཆོག་ལ་ལོག་སྤྱོད་ཀྱི་ངོ་བོ་ངོས་འཛིན་བྱེད་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་ལ་གྲོས་བསྡུར་འཁྲུག་པོ་བྱས་པའི་སྐོར་ཞིག་སྤེལ་འདུག་པ་དང་།
དེའི་ནང་དུ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཟེར་བ་རྒྱ་མི་དང་བོད་པ་ཁག་ཅིག་གིས་དཔྱད་གཏམ་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པར་བརྗོད་དེ་ཏྰ་ལའི་རུ་ཚོགས་ཞེས་པའི་མིང་ཐོག་ནས་གང་བྱུང་མང་པོ་ཞིག་བཤད་ཡོད་པ་རེད། དཔེར་ན། ཀྲུང་གོ་གསར་པ་མེད་ན་བོད་ལྗོངས་གསར་པ་མེད་ལ་སྔོན་ཆད་ཀྱི་ ཞིང་བྲན་དང་བྲན་གཡོག་ཚོའི་བུ་རབས་ཚ་རྒྱུད་རྣམས་ད་ཆའི་བོད་ལྗོངས་གསར་པའི་བདག་པོར་འགྱུར་མི་སྲིད་ཅེས་དང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ཁོ་པའི་དབང་བསྒྱུར་གྱི་དམིགས་བསལ་དབང་ཆ་སླར་གསོ་བྱ་རྒྱུའི་ཏྰ་ལའི་རུ་ཚོགས་ཀྱི་སྟོང་བསམ་ནམ་ཡང་འགྲུབ་ཏུ་འཇུག་མི་རུང་ཞེས་བརྗོད་ཡོད་པ་རེད།
གཞན་ཡང་ཁ་ཕྲལ་ལ་འཐབ་རྩོད་བྱེད་པའི་འཐབ་རྩོད་ནི་བོད་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ཚུལ་དང་། ༧གོང་ས་མཆོག་ལ་ཆབ་སྲིད་ཐོག་ལོག་སྤྱོད་རང་བཞིན། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་དང་གནོད་འཚེའི་རང་བཞིན་ལ། སྔར་བས་ཐེར་འདོན་དགག་རྒྱག་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཤེས་ཐུབ་པ་དང་། ཏྰ་ལའི་རུ་ཚོགས་ནི་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་སྤྱིའི་འབྱུང་རྩ་ཡིན་པ་གསལ་ཤེས་ཐུབ་ནས་མདུང་རྩེ་ཁ་སྤྲོད་ཀྱི་འཐབ་རྩོད་བྱེད་པ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་གསལ་ཤེས་ཐུབ་པ་བྱེད་དགོས་ཞེས་སོགས་བརྗོད་འདུག
དེ་བཞིན་རྟ་མགྲིན་ཟེར་བ་ཞིག་གིས་བོད་ལྗོངས་གསར་པར་ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་དད་པ་མི་བྱེད་པའི་སྤྱི་དམངས་དབར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་ཐུབ་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་གྱི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་བཞིན་ཡོད་ཀྱང་༧གོང་ས་མཆོག་གིས་བོད་ཀྱི་མི་དམངས་རྣམས་ལ་དེང་རབས་ཅན་ལས་བྱུང་བའི་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འཚོ་བ་མཐོང་འདོད་བྱེད་ཀྱི་མེད་ཚུལ་དང་། གཞན་ཡང་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་སླར་གསོ་བྱེད་པའི་ཏྰ་ལའི་རུ་ཚོགས་ཀྱི་རེ་ངན་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་པས་ནམ་ཡང་འགྲུབ་མི་སྲིད་ཅེས་སོགས་བརྗོད་ནས། དམར་གཞུང་ལ་ངོ་སྲུང་དང་སོ་སོའི་རྐུབ་སྟེགས་སླད་དུ་གང་དྲན་བརྗོད་བཞིན་ཡོད་པ་རེད།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༡༨༩༠ ཀློག་གྲངས།