མི་རིགས་རིང་ལུགས་ལྟ་མཁྲེགས་འཛིན་མཁན་གྱིས་ཁ་ཆེ་ལྷ་ཁང་གཉིས་ལ་དྲག་རྒོལ་བྱས་འདུག

ནིའུ་ཛེ་ལན་ཌ་རྒྱལ་ཁབ་ནང་གི་ཁ་ཆེ་ལྷ་ཁང་གཉིས་ལ། མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་ཁག་ཅིག་གིས་མེ་མདའི་དྲག་རྒོལ་བྱས་ཏེ། མི་མང་པོ་ཞིག་བསད་འདུག་པ་དང་། རྒྱལ་ཁབ་དེའི་སྲིད་བློན་གྱིས་དྲག་རྒོལ་དེ་འཆར་གཞི་སྒྲིག་པའི་འཇིགས་སྐུལ་རིང་ལུགས་པའི་དྲག་རྒོལ་ཞིག་ཡིན་པ་ངོས་འཛིན་བྱེད་ན་འགྲིག་གི་ཡོད་སྐོར་བརྗོད་འདུག

ཟླ་༣ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ནིའུ་ཛི་ལན་ཌ་རྒྱལ་ཁབ་ནང་གི་ཁ་ཆེ་ལྷ་ཁང་གཉིས་ལ། དྲག་སྤྱོད་པས་མེ་མདའི་དྲག་རྒོལ་བྱས་ཏེ་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲངས་པ་མི་མང་ཉུང་མཐར་༤༩ བསད་འདུག་པ་དང་། མི་གྲངས་༢༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག གནད་དོན་དེ་ནི་རྒྱལ་ཁབ་དེའི་ནང་མི་མང་སྡེབ་གསོད་ཀྱི་དྲག་རྒོལ་ཚབས་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་འདུག་པ་དང་། གནོད་འཚེ་འཕོག་ཡུལ་ཕལ་ཆེ་བ་རྒྱལ་ཁབ་གཞན་ནས་སྐྱབས་བཅོལ་བ་དང་གནས་སྤོ་བ་སླེབས་མཁན་གྱི་ཁ་ཆེ་བ་ཡིན་འདུག

དེ་ཡང་ཐོག་མར་ཉེན་རྟོག་པས་གནད་དོན་དེ་དང་འབྲེལ་ནས་སྐྱེས་པ་གསུམ་དང་བུད་མེད་གཅིག་འཛིན་བཟུང་བྱས་འདུག་པ་དང་། འཛིན་བཟུང་བྱས་པའི་སྐྱེས་པ་ཞིག་ནི་ཨོ་སི་ཀྲོ་ལི་ཡའི་མི་སེར་ཡིན་འདུག དེ་བཞིན་དྲག་སྤྱོད་པ་གཅིག་གིས་དྲག་རྒོལ་བྱེད་བཞིན་པའི་སྐབས་སུ་ངོ་དེབ་བརྒྱུད་བརྙན་ཐད་གཏོང་བྱས་ཡོད་འདུག་པ་དང་། ཉེན་རྟོག་པས་ངོ་དེབ་ཚོང་ལས་ཁང་ལ་འབྲེལ་བ་བྱས་ཏེ་ཐད་གཏོང་གི་བརྙན་དེ་ཕྱིར་འཐེན་བྱས་ཟིན་འདུག་པ་དང་། བརྙན་དེར་བསྔགས་བརྗོད་བྱས་པའི་མཆན་རྣམས་ཀྱང་ནག་གསུབ་བཏང་ཡོད་སྐོར་བརྗོད་འདུག

ཉེན་རྟོག་པས་སྐྱེས་པ་རང་ལོ་༢༠ ནང་ཡིན་པ་ཞིག་ལ་མི་བསད་པའི་ཉེས་འཛུགས་བྱས་འདུག་པ་དང་། འཛིན་བཟུང་བྱས་པའི་ཁྲོད་ནས་དོགས་ཡོད་མི་སྣ་ཞིག་གློད་གྲོལ་བཏང་ཟིན་ཡོད་ཁར། མི་གཞན་གཉིས་དེ་དྲག་རྒོལ་དང་འབྲེལ་བ་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད་འདུག དེ་བཞིན་དོགས་ཡོད་མི་སྣ་ཞིག་གི་རླངས་འཁོར་ནས་འབར་རྫས་རྙེད་སོན་བྱུང་འདུག

དྲག་སྤྱོད་པ་ཞིག་གི་ཡིན་པར་ངོས་འཛིན་བྱེད་བཞིན་པའི་ཤོག་གྲངས་༨༧ ཅན་གྱི་བསྒྲགས་གཏམ་ཞིག་དྲ་རྒྱའི་བརྒྱུད་ལམ་ཞིག་ཏུ་ཡོད་འདུག་པ་དང་། དེའི་ནང་གནས་སྤོ་བ་དང་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲངས་པ་རྣམས་ལ་ཁ་གཏད་ཀྱི་སྐོར་འཁེངས་ཡོད་འདུག དེ་བཞིན་དྲག་རྒོལ་བྱེད་ཡུལ་གྱི་གནས་སུ་མི་རིགས་དབྱེ་འབྱེད་ཀྱི་རྩོམ་ཡིག་བཞག་ནས། གནས་སྤོ་བ་དང་ཁ་ཆེ་མི་རིགས་རྣམས་བཙན་འཛུལ་བ་ཡིན་ཚུལ་དང་དེ་དག་ངོ་རྒོལ་ཡོད་སྐོར་འཁོད་ཡོད་འདུག

ཁ་ཆེ་བ་མང་མོས་ཡིན་པའི་རྒྱལ་ཁབ་ཁག་ཅིག་གིས་གནད་དོན་དེར་སྐྱོན་བརྗོད་བྱས་འདུག་པ་དང་། དེའི་ཁྲོད་པ་ཀི་སི་ཐན་གྱི་སྲིད་བློན་གྱིས་གནད་དོན་དེ་ལ་བརྟེན་ནས་འཇིག་སྐུལ་རིང་ལུགས་པ་ཞེས་པ་དེ་ཆོས་ལུགས་བྱེ་བྲག་པ་ཞིག་ནས་ཡིན་པ་ངོས་འཛིན་བྱེད་མི་རུང་བ་གསལ་པོ་ཆགས་སྐོར་བརྗོད་འདུག

བྷང་ལ་ཌེ་ཤིའི་རྒྱལ་ཁབ་ཀྱི་དབྱུག་རྩེད་རུ་ཁག་རྣམས་ལྷ་ཁང་དུ་ནང་དུ་འཛུལ་གྲབས་བྱས་དུས། དྲག་རྒོལ་འགོ་བཙུགས་བྱས་ཡོད་འདུག་པས། བྲོས་བྱོལ་ཐུབ་ནས་རྩེད་མོ་བ་རྣམས་ལ་གནོད་འཚེ་བཏང་ཐུབ་མེད་འདུག གནད་དོན་དེ་ལ་བརྟེན་ནས་བྷང་ལ་ཌེ་ཤིའི་རུ་ཁག་དང་ནིའུ་ཛེ་ལན་ཌ་རུ་ཁག་བར་གྱི་དབྱུག་རྩེད་རྩེ་འགྲན་ཡང་ཕྱིར་འཐེན་བྱས་འདུག

ཉེན་རྟོག་པས་རྒྱལ་ཁབ་དེའི་ནང་གི་ཁ་ཆེ་ལྷ་ཁང་ཁག་ཏུ་མི་མང་འགྲོ་མི་རུང་བའི་ཉེན་བརྡ་བཏང་ཡོད་ཁར། ཁ་ཆེ་མི་རིགས་མང་པོ་ཡོད་པའི་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཀྲོན་ནང་དུ། ལྷ་ཁང་ཁག་ལ་བདེ་སྲུང་གི་ཚད་གཞི་མཐོ་རུ་བཏང་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༨༥ ཀློག་གྲངས།