དམིགས་བསལ་ཚོགས་ཆེན་ཞིག་འཚོག་རྒྱུའི་སྐོར་བཀའ་སྤྱི་གཉིས་ནས་གསར་འགོད་གསལ་བསྒྲགས་གནང་སོང་།

ཟླ་འདིའི་ཚེས་༡༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་རྣམ་པ་གཉིས་ཀྱིས་དམིགས་བསལ་ཚོགས་ཆེན་ཞིག་འཚོག་རྒྱུའི་སྐོར་ལ་རྡ་ས་མེག་གྷན་དུ་ཡོད་པའི་གསོལ་མགྲོན་ཁང་ཞིག་ཏུ་གསར་འགོད་གསལ་བསྒྲགས་གནང་སོང་།

དེ་ཡང་འཆར་རྒྱུའི་ཕྱི་ཟླ་༡༠ པའི་ཚེས་༣ ནས་༥ བར་ཉིན་གསུམ་གྱི་རིང་དམིགས་བསལ་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་ལྔ་དང་ལྔ་བཅུའི་འཆར་སྣང་དང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་བོད་མི་མང་བར་གྱི་འབྲེལ་བ་བཅས་ཀྱི་སྐོར་གླེང་རྒྱུ་དང་དེ་འབྲེལ་མི་མང་གི་བསམ་ཚུལ་བསྡུ་རུབ་བྱ་རྒྱུ་ཡིན་འདུག
བརྗོད་གཞི་དེ་གཉིས་འཇོག་དགོས་པའི་དོན་ལ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་གསུང་དོན། བརྗོད་གཞི་འདི་གཉིས་འཇོག་དགོས་དོན་ནི། འདིའི་སྔོན་ལ་ལྔ་དང་ལྔ་བཅུའི་ཐོག་ཚོགས་འདུ་གསུམ་ཚོགས་ཟིན་པ་རེད། ཚོགས་འདུ་དང་པོ་དེ་བཀའ་ཟུར་སོགས་བཀའ་བློན་རྣམ་པ་དང་། དེ་མིན་ང་ཚོའི་སྤྱི་ཚོགས་ནང་ཉམས་མྱོང་དང་རྒྱུས་ཡོད་པ་དེ་དག་དང་ལྷན་ཚོགས་པ་རེད། ཚོགས་འདུ་གཉིས་པ་དེ་ན་གཞོན་ཚོ་དང་ལྷན་ཚོགས་པ་རེད། ཚོགས་འདུ་གསུམ་པ་དེ་བོད་མི་བཙན་བྱོལ་ནང་རྒྱུན་རིང་ལྷག་པ་ཡིན་ན། སྤྱི་ཚོགས་བདེ་དོན་དང་ཤེས་ཡོན། རིག་གཞུང་། འཕྲོད་བསྟེན་སོགས་ཀྱི་སླད་གང་གནང་དགོས་པ་དེ་དག་གི་ཆེད་ཚོགས་འདུ་ཚོགས་པ་རེད།
དེར་བརྟེན་དོན་ངོ་མ་ང་ཚོ་ལོ་ལྔ་གནས་ཀྱི་ཡོད་ན་རེད། ལོ་ལྔ་བཅུ་གནས་ཀྱི་ཡོད་ནའང་རེད། གནས་མཁན་དེ་རྒྱ་ཆེའི་མང་ཚོགས་རེད། རྒྱ་ཆེ་མང་ཚོགས་དོན་གྱི་བདག་པོ་ཁོང་རྣམ་པའི་དགོངས་འཆར་བླང་རྒྱུ་གནད་འགག་བརྩིས་པ་ཡིན། རྒྱ་ཆེ་མང་ཚོགས་ཀྱི་དགོངས་པའི་ནང་གང་འདུག འདི་བླང་རྒྱུའི་བརྒྱུད་ལམ་ནི་འདི་ལྟ་བུའི་ཚོགས་ཆེན་ཞིག་བསྐོང་དགོས་པ་ཆགས་ཡོད་ཚུལ་སོགས་བརྗོད་གཞི་དང་པོའི་སྐོར་གསུངས་ཡོད་པ་དང་། དེ་བཞིན་བརྗོད་གཞི་གཉིས་པའི་སྐོར་ལ་གསུང་དོན། ༸རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ཟེར་རྒྱུ་དེ་རེད། ང་ཚོ་བོད་མི་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་རེད། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་སྐྱེ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད། དེར་བརྟེན་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་ ༡༤ བར་ང་ཚོ་བོད་མི་མང་དང་འབྲེལ་བ་གང་ཡོད། གལ་ཏེ་འབྲེལ་བ་ཡོད་པ་ཡིན་ན་བཀའ་དྲིན་ཇི་ཙམ་ཆེན་པོ་རེད། རྩ་བའི་ང་ཚོས་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་སྐབས་རེས་ཚོར་སྣང་མེད་པའི་ཐོག་ནས་ལྷག་འགྲོ་རྒྱུ་དེ་འདྲ་ཡོང་གི་འདུག དེར་བརྟེན་རྒྱ་ཆེ་མང་ཚོགས་ནས་ཚོར་བ་ཡོད་པའི་ཐོག་ནས་འབྲེལ་བ་ཡོད་པ་ཡིན་ན། བཀའ་དྲིན་ཆེན་པོ་རེད་དང་མ་རེད། བཀའ་དྲིན་ཆེན་པོ་ཡིན་ན་ང་ཚོས་གང་བྱེད་དགོས། རྒྱ་ཆེ་མང་ཚོགས་ལ་ལས་འགན་གང་ཡོད་པ་སོགས་ཀྱི་དགོངས་ཚུལ་བླང་རྒྱུའི་ཆེད་དུ་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་གི་ཡོད་པ་རེད་ཅེས་གསུངས་སོང་།
གཞན་ཡང་ཁོང་གིས་མུ་མཐུད་དུ་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བ་འདི་བཅའ་ཁྲིམས་དང་འཐུན་པར་བཀའ་སྤྱི་གཉིས་ཀྱིས་ཐག་གཅོད་གནང་བའི་སྐོར་གསུང་དོན།
དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བར་བཅའ་ཁྲིམས་དོན་ཚན་ ༥༩ ནང་གསེས་ ༡།༢།༣། བཅས་ཡོད། ནང་གསེས་དང་པོར་འདི་འདྲའི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་བར་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་ཐག་གཅོད་གནང་དགོས་ཀྱི་ཡོད་པ་རེད།

དེར་བརྟེན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ ཉིན་ཐག་གཅོད་འདི་གནང་བ་རེད། འདི་འདྲའི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་རྒྱུར་ཐག་གཅོད་བྱུང་བ་ཡིན་ན། ཚོགས་ཆེན་གྱི་བརྗོད་གཞི་གང་འཇོག་དགོས། ཚོགས་ཆེན་ནང་ཕེབས་མཁན་སུ་དང་སུ་འཇོག་དགོས། ཚོགས་དུས་སོགས་ཀྱི་སླད་བཀའ་སྤྱི་ལྷན་རྒྱས་ཚོགས་དགོས་ཀྱི་ཡོད་པ་རེད། གྲོས་ཚོགས་ཚུགས་བཞིན་པ་ཡིན་ན། གྲོས་ཚོགས་དང་བཀའ་ཤག་ནས་ཐུགས་ཐག་གཅད་གནང་རྒྱུ་དང་། གྲོས་ཚོགས་མེད་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་གོ་བསྡུར་གནང་བའི་ཐོག་ནས་ཐག་གཅོད་གནང་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་ཐག་གཅོད་གནང་ཟིན་པའི་རྗེས་སུ་སྐབས་དེར་གྲོས་ཚོགས་ཚོགས་ཀྱི་མེད་སྟབས། བཀའ་ཤག་དང་སྤྱི་འཐུས་ལྷན་འཛོམས་ཕྱི་ཟླ་ ༢ ཚེས་ ༢༦  ཉིན་ལྷན་འཛོམས་གནང་སྟེ་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་འཚོགས་རྒྱུ་ཡིན་པ་དང་བརྗོད་གཞི་གོང་དུ་ཞུས་པ་ནང་བཞིན་ཐག་གཅོད་གནང་ཚུལ་གསུངས་སོང་།

དེ་རྗེས་སྲིད་སྐྱོང་མཆོག་གིས་དབྱིན་སྐད་ཐོག་ནས་སྤྱི་འཐུས་ཚོགས་གཙོས་གསུངས་པ་དང་ཕལ་ཆེར་འདྲ་བའི་ཐོག་ནས་གསར་འགོད་པ་འགས་སྔོན་ཆད་ཚོགས་ཆེན་ཁག་གི་འགྲོ་སོང་དང་གྲུབ་འབྲས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པའི་་ལན་དུ། སྔོན་ཆད་ཀྱི་ཚོགས་ཆེན་ཁག་གི་འགྲོ་སོང་གཞུང་གི་དངུལ་ནས་གཏོང་གི་མེད་པར་སྐབས་ཐོག་ཚོགས་ཆེན་གྱི་ཆེད་དུ་རོགས་དངུལ་ཞུས་ཏེ་འཚོགས་ཀྱི་ཡོད་པས་འགྲོ་སོང་ཐད་ལ་སེམས་ཁྲལ་མེད་སྐོར་དང་། དེ་སྔོན་ཚོགས་ཆེན་ཁག་གི་གྲོས་ཆོད་རྣམས་ལས་བརྒྱ་ཆ་བདུན་ཅུ་དོན་ལྔ་ཙམ་ལག་བསྟར་བྱས་ཡོད་པ་དང་གཞན་རྣམས་ལག་བསྟར་མ་ཐུབ་པ་མིན་པར་དགོས་མེད་ཀྱིས་བཞག་ཚུལ་སོགས་གསུངས་སོང་། ཡོང་འགྱུར་ཉིན་གསུམ་རིང་གི་ཚོགས་ཆེན་འདིའི་ཐོག་ཏུ་བཀའ་ཟུར་ནས་ས་གནས་འགོ་འཛིན་སོགས་ཚོགས་བཅར་བ་༤༠༠ ལྷག་ཕེབས་ཐུབ་པའི་ཚོད་དཔག་གནང་གི་འདུག་སྟེ་སྤྱི་ཟུར་དང་། དང་བླངས། བླ་ཆེན་རྣམས་ཕེབས་མི་དགོས་པ་ཡིན་འདུག གཞན་ཡང་ཚོགས་ཆེན་དེ་ཕྱི་ཟླ་༡༠ པའི་ནང་འཚོག་རྒྱུ་ཡིན་རུང་དེ་རིང་ནས་གསལ་བསྒྲགས་བྱེད་དོན་ནི་མི་མང་གིས་སྔ་ཙམ་ནས་གོ་རྟོགས་ཡོང་ཕྱིར་ཡིན་པར་གསུངས་སོང་།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༣༢༩ ཀློག་གྲངས།