སོག་མཁར་བློ་གྲོས་རྒྱ་མཚོ་ལགས་སླར་ཡང་མི་ལོ་༡༨ ཁྲིམས་ཐག་བཅད་འདུག

སྔ་ཕྱིར་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་ཆབ་སྲིད་བཙོན་པ་གྲགས་ཅན་སོག་མཁར་བློ་གྲོས་ལགས་སླར་ཡང་མི་ལོ་༡༨ རིང་ཁྲིམས་ཐག་བཅད་པ་མ་ཟད། ཁོང་གི་བཟའ་ཟླ་དགའ་སྐྱིད་ལའང་ལོ་༢ རིང་ཁྲིམས་ཐག་བཅད་ཡོད་འདུག

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པའི་གམ་དུ་བཅར་ནས་དེའི་སྐོར་བཀའ་འདྲི་ཞུས་ཏེ་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལ། ཁམས་སོག་རྫོང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སོག་མཁར་བློ་གྲོས་དང་ཁོང་གི་བཟའ་ཟླ་གཉིས་ཁྲིམས་ཐག་བཅད་འདུག་པ་དང་། དེ་ཡང་སོག་མཁར་བློ་གྲོས་ལ་མི་ལོ་༡༨ ཀྱི་དུས་ཡུན་དང་བཟའ་ཟླ་དགའ་སྐྱིད་ལ་ཡང་སོག་མཁར་བློ་གྲོས་ཀྱིས་ཞི་བའི་ལས་འགུལ་གྱི་གསལ་བསྒྲགས་སྤེལ་སྐབས་བརྙན་ལེན་མཁན་ཡིན་པའི་ཉེས་མིང་འོག་ལོ་༢ རིང་ཁྲིམས་ཐག་བཅད་ཡོད་འདུག
ལོ་གྲངས་མང་པོ་དེ་ལྟར་ཁྲིམས་ཐག་གཅོད་དོན་གཙོ་བོ་ནི་ལོ་སྔོན་མའི་ཕྱི་ཟླ་༡ ཚེས་༢༨ ཉིན་སོག་མཁར་བློ་གྲོས་སམ་བློ་གྲོས་རྒྱ་མཚོས། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་བསྐོར་བ་བརྒྱབ་ནས། པོ་ཏ་ལའི་མདུན་ཐང་དུ་ཞི་རྒོལ་སྐད་འབོད་བྱས་པ་དང་།
གཞན་ཡང་༢༠༡༨ ཟླ་༡ ཚེས་༢༨ ཉིན་སོག་མཁར་བློ་གྲོས་ལགས་ཀྱིས་བརྙན་ཐུང་སྐར་མ་༡ དང་སྐར་ཆ་༤༢ ཡོད་པའི་གསལ་བསྒྲགས་སྤེལ་བའི་ནང་དུ། ‘‘ང་ཚོ་ཁ་བ་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉིས་མ་བཞེངས་ལྷུན་གྱི་གྲུབ་པའི་འཛམ་གླིང་ཞི་བདེ་བསྟི་གནས་ཞིག་ཡིན། ང་ཚོ་ཁ་བ་རི་པས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པར། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འཚེ་མེད་ཞི་བདེའི་ལམ་ནས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ། ལམ་དབུ་མའི་ཐོག་ནས་འཛམ་གླིང་ཞི་བདེ་ལ་དང་ལེན་བྱས་ཡོད། དཔེར་ན་ང་ཚོའི་དོན་གྱི་བདག་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དགོངས་གཞི་རེད། དེ་མ་ཟད་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་བརྒྱ་སྟོང་མང་པོས། འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལུས་མེ་རུ་བསྒྲོན་ཡོད། ངས་ཀྱང་མི་ལོ་ཉི་ཤུའི་རིང་ལ་འཛམ་གླིང་ཞི་བདེའི་ཆེད་འབད་བརྩོན་བྱས་ཡོད་ལ་ལྷག་པར་དུ་ལོ་ངོ་༡༡ གི་རིང་ལ་འཛམ་གླིང་ཞི་བདེའི་དྲིལ་བསྒྲགས་དང་། འཛམ་གླིང་ཞི་བདེའི་ཕྱོགས་སུ་ལུས་ངག་ཡིད་གསུམ་གྱིས་འབད་བརྩོན་བྱས་ཡོད། བཙོན་ཁང་ནང་ལ་ལོ་བདུན་བསྟུད་མར་དྲིལ་བསྒྲགས་བྱས་པ་ཡིན་ལ། བཙོན་ཁང་ནང་ནས་མར་ཐོན་རྗེས་ལོ་བཞིའི་རིང་མཐོ་དམན་དྲག་ཞན་ཕོ་མོ་རྒན་གཞོན་སྲིད་དོན་ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པར་ཀུན་ལ་དྲིལ་བསྒྲགས་བྱས་ཡོད། ད་ཐེངས་༢༠༡༨ ཟླ་༡ ཚེས་༢༨ ཉིན་དངོས་སུ་འཛམ་གླིང་ཞི་བདེའི་ལས་འགུལ་འགོ་འཛུགས་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་”ཞེས་གསུངས་པ་སོགས་ཀྱི་རྐྱེན་ཡིན་པ་ཙམ་ལས་ཁོང་བཟའ་མི་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་བོད་ནང་དམ་དྲག་ཆེ་བའི་དབང་གིས་ཤེས་རྟོགས་དཀའ་བ་ཡིན་པ་རེད།

སྤྱིར་སོག་མཁར་བློ་གྲོས་ནི་མི་ལོ་༢༡ རིང་བཙོན་འཇུག་དང་རྒྱ་གཞུང་གི་ཉེན་རྟོག་པའི་མནར་གཅོད་མྱངས་ཡོད་པ་དང་།  ཐོག་མར་ཕྱི་ལོ་༡༩༩༣ ལོའི་ཟླ་༡ ཚེས་༡༧ ཉིན་སྒེར་འཁོན་ཞིག་གི་དབང་གིས་ནག་ཆུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་༡༥ ཡི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོའི་ཟླ་༣ ཚེས་༤ ཉིན་བློ་གྲོས་རྒྱ་མཚོས་བཙོན་ཁང་ནང་དུ་བཙོན་པ་༤༠༠ ལྷག་ཙམ་གྱི་སྣེ་ཁྲིད་ནས་“བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན།”ཞེས་སྐད་འབོད་བྱས་པ་དང་། ཁོ་རང་གིས་ལག་བྲིས་བྱས་པའི་ཡིག་ཆ་༣༠༠ ལྷག་ཙམ་བཀྲམ་པར་བརྟེན། ཉིན་གསུམ་ལས་མ་འགྱངས་བར་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས། ཡིན་ནའང་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ལྟ་རྟོགས་ཚོགས་པའི་འགན་འཛིན་དང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ནས་གནོན་ཤུགས་སྤྲད་དེ་སྲོག་ཁྲིམས་ལོ་དྲུག་ལ་ཕྱིར་འགྱང་གིས་ཁྱོན་མི་ལོ་༢༡ རིང་མུ་མཐུད་བཙོན་འཇུག་བྱས་ནས། ཕྱི་ལོ་༢༠༡༣ ཟླ་༥ པའི་ནང་བཙོན་གྲོལ་ཐོབ་ཡོད་ཀྱང་བཟང་བཙོན་འོག་འགྲོ་འདུག་གི་རང་དབང་མེད་པར་ལོ་བཞིར་འདུག་དགོས་བྱུང་འདུག

ཕྱི་ལོ་༢༠༡༥ ལོར་རྒྱ་གཞུང་གི་དབང་ཡོད་གོ་སྒྲིག་འོག་བོད་ཤར་ཕྱོགས་རྫོང་ཁག་ཅིག་ཏུ་ཡུལ་མི་ཚོར་སྟག་གཟིག་གི་པགས་པ་གྱོན་བཅུག་སྟེ་གཞས་སྣ་འཁྲབ་སྟོན་དང་། མི་མང་ལ་ལྟད་མོ་ལྟ་རུ་བཅུག་ཡོད་པ་རེད། ཕྱི་ལོ་༢༠༡༦ ལོར་རྒྱ་གཞུང་གིས་སོག་རྫོང་དང་འབྲི་རུ་རྫོང་བཅས་ནས་བོད་ཀྱི་ས་ཁུལ་གཞན་དུ་སློབ་གཉེར་བྱེད་དུ་ཕྱིན་པའི་གྲྭ་བཙུན་རྣམས་ཕྱིར་རང་ཁྱིམ་དུ་ལོག་དགོས་པ་དང་། གལ་ཏེ་མ་ལོག་པ་ཡིན་ན་ཁྱིམ་མི་ཚོར་དབྱར་རྩྭ་དགུན་འབུ་བརྐོ་རུ་འཇུག་རྒྱུ་མིན་པ་མ་ཟད། ནང་མི་རྣམས་བཙོན་བཅུག་བྱ་རྒྱུ་ཡིན་པ་སོགས་བརྗོད་དེ་འཇིགས་སྐུལ་བྱེད་སྐབས། བློ་གྲོས་རྒྱ་མཚོས་སློབ་གཉེར་བ་ཚོར་སློབ་སྦྱོང་བྱེད་པའི་རང་དབང་མེད་པར་བཙན་གྱིས་འབོད་འགུག་བྱེད་པ་ནི།  རྒྱལ་སྤྱི་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་མི་མཐུན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། སློབ་གཉེར་བྱེད་བཞིན་པའི་གྲྭ་བཙུན་ཚོས་ཁྲིམས་དང་འགལ་བའི་ཉེས་པ་གང་ཡང་བསགས་མེད་ཅེས་ཞུ་འབོད་བྱས་ནས་སོག་རྫོང་དུ་ངོ་རྒོལ་བྱས་པར་བརྟེན། ཕྱི་ལོ་༢༠༡༦ ལོར་ཁོང་འཛིན་བཟུང་གིས་འབྲི་རུ་རྫོང་གི་རྩ་མདའ་བཙོན་ཁང་དུ་བཀག་ཉར་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ནི་བོད་ནག་ཆུ་ས་ཁུལ་ཁམས་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་ད་ལྟ་རང་ལོ་༥༨ ཡིན་པ་དང་།
སྔ་ཕྱིར་མི་ལོ་༣༩ ཙམ་གྱི་རིང་བཙོན་ཁང་གི་མནར་གཅོད་མྱོང་དགོས་པ་འདི་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལས་ཀྱང་དུས་ཡུན་རིང་བ་མ་ཟད། འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དུས་ཡུན་རིང་ཤོས་ཨང་གསུམ་པ་དེ་ཆགས་ཀྱིན་ཡོད་པ་རེད་ཅེས་ཁོང་གི་བཙོན་གྲོགས་དང་ཁོང་གི་སྐོར་གོ་མྱོང་བའི་མི་རྣམས་ཀྱིས་རྗོད་བཞིན་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༨༡༥ ཀློག་གྲངས།