༧གོང་ས་མཆོག་ལ་ཞི་བདེ་དང་རང་དབང་གི་གཟེངས་རྟགས་ཤིག་ཕུལ་འདུག

༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་ནང་སེམས་ཀྱི་ཞི་བདེ་གོང་སྤེལ་དང་འཛམ་གླིང་ཞི་བདེ་སྐྲུན་པའི་རླབས་ཆེན་གྱི་མཛད་པ་བསྐྱངས་པ་དེར་ཆེ་མཐོང་སླད་དུ། ཡེ་ཤུའི་མཆོད་དཔོན་ཐོ་མ་སི་ཨར་ དིན་ཀུ་ལ་ཞེས་པས་འཛམ་གླིང་གི་ལམ་ཕྱེད་སྤྲོ་སེམས་ཀྱིས་བརྒལ་ཏེ་རང་དབང་དང་ཞི་བདེའི་གཟེངས་རྟགས་འདི་འབུལ་བར་ཡོང་སྐོར་གསུངས་འདུག
དེ་ཡང་ཚེས་༡༦ ཉིན་CRUX ཞེས་པ་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་འགོད་སའི་དྲ་ཚིགས་ཤིག་ཏུ་སྤེལ་བའི་གནས་ཚུལ་དུ། ཟླ་འདིའི་ཚེས་༤ ལ་ ཨ་རིའི་ཨ་ཡོ་ཝ་Iowa ཡེ་ཤུའི་མཆོད་དཔོན་སྐུ་ཞབས་ཐོ་མ་སི་ཨར་ཛིན་ཀུ་དྷ་ས་བཞུགས་སྒར་དུ་ཕེབས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེ་དང་རང་དབང་གི་གཟེངས་རྟགས་ཞེས་པ་ཞིག་འབུལ་བཞེས་གནང་འདུག་པ་དང་།
གཟེངས་རྟགས་དེ་ནི་སྔོན་ཆད་འཛམ་གླིང་ཞི་བདེ་སྐྲུན་མཁན་མི་རིགས་ནག་པོའི་རང་དབང་དང་འདྲ་མཉམ་འཐབ་རྩོད་པ་མར་ཊིན་ལུ་ཐར་ཀིང་དང་། ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་སོགས་ལ་ཕུལ་བར་ཁོང་རྣམས་ཀྱིས་གཟེངས་རྟགས་འབུལ་སར་བཅར་ཏེ་ངོས་བཞེས་གནང་བ་ཡིན་འདུག
ཐེངས་འདིའི་གཟེངས་རྟགས་འབུལ་མཁན་ཚོགས་པའི་སྐུ་ཚབ་ཁེན་ཕེ་རི་སི་ཞེས་པས་༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་བར་ཆེད་དུ་རྒྱ་གར་ཡོང་དོན་སྐོར་གསུང་དོན། འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་མི་མང་ལ་གདོང་དང་གདོང་གཏུགས་ནས་བཀའ་སློབ་དང་ལམ་སྟོན་གནང་ཐུབ་ཀྱི་ཡོད་པས། ཁོང་རྣམས་ཀྱིས་ཞི་བདེའི་གཟེངས་རྟགས་མི་མང་གི་ཁྲོད་དུ་བཞེས་རྒྱུ་གལ་ཆེ་ཡང་། ༧གོང་ས་མཆོག་ད་ཞག་འགྲུལ་བཞུད་རིང་པོ་མ་མཛད་པར་བརྟེན།  ཁོང་ཚོ་རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་ལ་ཆེ་མཐོང་ཞུ་རྒྱུའི་གོ་སྐབས་འདི་བླངས་པ་ཡིན་ཚུལ་གསུངས་པ་དང་།

གཡེ་ཤུའི་མཆོད་དཔོན་ཐོ་མ་སི་ཨར་དིན་ཀུ་ལས་གསུང་དོན། ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོར་ནང་སེམས་ཀྱི་ཞི་བདེ་གོང་སྤེལ་དང་འཛམ་གླིང་ཞི་བདེ་སྐྲུན་པའི་རླབས་ཆེན་གྱི་མཛད་པ་བསྐྱངས་གནང་བ་དེར་ཆེ་མཐོང་སླད་དུ། ཁོང་གིས་འཛམ་གླིང་གི་ལམ་ཕྱེད་སྤྲོ་སེམས་ཀྱིས་བརྒལ་ཏེ་རང་དབང་དང་ཞི་བདེའི་གཟེངས་རྟགས་འདི་འབུལ་བར་ཕེབས་པ་ཡིན་པར་གསུངས་ཡོད་པ་རེད།
༧གོང་ས་མཆོག་ལ་གཟེངས་རྟགས་འབུལ་སྐབས་ཡེ་ཤུའི་མཆོད་དཔོན་གྱིས་གཟེངས་རྟགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་གཟེགས་རྟགས་འབུལ་མཁན་ཚོགས་པ་ཁག་ཅིག་གི་ཚོགས་མི་རྣམས་ངོ་སྤྲོད་ཞུ་སྐབས། ༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གསན་བཞེས་གནང་ཡོད་པ་དང་དེ་རྗེས་མཆོད་དཔོན་མཉམ་དུ་ཕྱག་བཏང་སྟེ་སྐུ་པར་བསྐྱོན་པ་སོགས་མཛད་ཡོད་འདུག
དེ་བཞིན་ཚོགས་པ་ཁག་དེའི་ཐུན་མོང་ནས་གཟེངས་རྟགས་འབུལ་དོན་ཐད་ལ་ཡང་། ༧གོང་ས་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འཚེ་མེད་ཞི་བའི་ལམ་ནས་འཛམ་གླིང་ཞི་བདེ་གོང་སྤེལ་སོགས། ཞལ་ནས་ཞི་བདེ་གསུངས་པ་ལྟར་ཕྱག་ལེན་གནང་གི་ཡོད་པས་ཞེ་ཐག་པ་ནས་ཞི་བདེ་གོང་སྤེལ་མཛད་མཁན་ཞིག་ཡིན་པར་གསལ་འདོན་བྱས་ཡོད་ཚུལ་དང་། གཞན་ཡང་༧གོང་ས་མཆོག་གིས་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་མཛད་བཞིན་པ་འདིས་གཉའ་གནོན་འོག་ཚུད་པའི་མི་མང་རྣམས་ལའང་ཞི་བདེའི་ལམ་ནས་དྲང་བདེན་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་རེ་བ་གསར་པ་ཞིག་སྦྱིན་བཞིན་ཡོད་པ།  ༧གོང་ས་མཆོག་གི་ཉམས་ལེན་ཀྱིས་ཡེ་ཤུའི་བླ་ཆེན་པོབ་ཁྲི་ཐོག་ ༢༣ མཆོག་གི་བསླབ་བྱ་མཚོན་གྱི་ཡོད་པ་སོགས་ཀྱིས་ཡིན་པར་ཞུས་ཡོད་པ་དང་།
དེ་མིན་ཐེངས་འདིའི་གཟེངས་རྟགས་འབུལ་མཁན་ཚོགས་མི་ཡང་ཡེ་ཤུ་གཅིག་པུ་མ་ཡིན་པར། ཇིའུ་མི་རིགས་དང་ཁ་ཆེ་བཅས་ཡོད་པར་ཞུ་སྐབས་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་མཛད་པའི་ཐོག་ནས། ཡེ་ཤུའི་ཆོས་ལུགས་ནང་གསུངས་པ་ལྟར། འགྲོ་བ་མི་ཚང་མ་ཐམས་ཅད་དཀོན་མཆོག་གིས་བཀོད་པ་རེད། དེར་བརྟེན་ང་ཚོ་ཚང་མ་དོན་དངོས་སྤུན་མཆེད་ཕོ་མོ་ཡིན། ང་ཚོ་ཚང་མ་གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་སྟབས་ཕན་ཚུན་གུས་བརྩི་དང་བརྩེ་བ་བྱེད་དགོས། དེང་སྐབས་འཛམ་གླིང་ནང་བྱམས་བརྩེ་དང་ཞི་བདེ་སྔར་བས་ཤུགས་ཆེ་བ་དགོས་མཁོ་ཆགས་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

འཆར་ལ་ཉེ་བའི་ཕྱི་ཟླ་༤ ཚེས་༩ ཉིན་ཨ་རིའི་ཨ་ཡོ་ཝ་མངའ་སྡེའི་རྒྱལ་ས་ཌེ་ཝན་ཕོ་ཌི ནང་ཡོད་པའི་སན་ཨེམ་བྷི་རོ་སི་མཐོ་སློབ་ཁང་དུ་གཟེངས་རྟགས་འབུལ་བའི་མཛད་སྒོ་སྟབས་བདེ་ཞིག་འཚོག་རྒྱུ་ཡིན་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

 

 

Share this:
༡༠༥༦ ཀློག་གྲངས།