ཚོགས་གཙོས་རྒྱ་ཆེའི་མང་ཚོགས་ཐུགས་མ་ཕམ་པ་ཞིག་གནང་དགོས་ཞེས་གསུངས་སོང་།

ཟླ་༣ པའི་ཚེས་༡༩ ཉིན་རྡ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༧ པ་འགོ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་ནི་ཕྱི་ལོ་༢༠༡༩ ནས་༢༠༢༠ བར་བོད་མིའི་་སྒྲིག་འཛུགས་མ་ལག་དང་བཅས་པའི་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་པ་རེད།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས། གྲོས་ཚོགས་དབུ་འབྱེད་ཀྱི་གསུང་བཤད་དུ་ཐོག་མར་གྲོས་ཚོགས་ཚོགས་དུས་༦ པའི་རྗེས་ནས་ད་བར་ཟླ་བ་དྲུག་གི་རིང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་དོན་གང་དང་གང་སྤེལ་ཡོད་པའི་ཐོག་ལ་གསུང་བཤད་གནང་རྗེས། “ང་ཚོ་ཚང་མ་རྒྱ་ཆེའི་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་བཅོལ་ནས་འོས་འདེམས་བྱུང་བའི་སྐུ་ཚབ་ཤ་སྟག་ཆགས་ཀྱི་ཡོད་རེད། དེར་བརྟེན་ང་ཚོས་ལས་དོན་གང་འདྲ་ཞིག་བྱས་ནའང་། རྒྱ་ཆེའི་མང་ཚོགས་ཐུགས་མ་ཕམ་པ་ཞིག་དང་དགའ་བ་སྐྱེས་འོས་པ་ཞིག་བྱ་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་ཞིག་རེད་པས། གྲོས་ཚོགས་ནང་བཀའ་མོལ་གནང་མཁན་སུ་དང་སུ་འདྲ་ཞིག་ཡིན་རུང་། བཀའ་མོལ་ག་འདྲ་ཞིག་གནང་རུང་། རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་ལ་བབ་ཀྱི་འདུག་དང་མི་འདུག་བཀའ་མོལ་གནང་མཁན་སོ་སོས་ཐག་གཅོད་གནང་རྒྱུ་ཞིག་རེད། གྲོས་ཚོགས་གྲོལ་བའི་རྗེས་སུ་གལ་ཏེ་རྒྱ་ཆེའི་མང་ཚོགས་དགའ་བ་སྐྱེས་པ་ཞིག་བྱུང་ན། གྲོས་ཚོགས་འཚོགས་ནས་གོ་ཆོད་ཡོད་པ་དང་། གལ་ཏེ་རྒྱ་ཆེའི་མང་ཚོགས་ཐུགས་ཕམ་སྐྱེས་དགོས་པ་ཞིག་བཟོས་ན། གྲོས་ཚོགས་འཚོགས་ནས་གོ་ཆོད་མེད་པ་རེད། དེ་ནས་ང་ཚོས་བཀའ་མོལ་ག་རེ་གནང་བ་ཡིན་ན། བོད་སྤྱི་པའི་རྩ་དོན་དང་བོད་རྒྱལ་ཁབ། མི་རིགས་བཅས་ལ་ཐུགས་ཕན་སོས་པ་ཞིག་གནང་རྒྱུ་གལ་ཆེན་པོ་རེད། ང་ཚོའི་གྲོས་ཚོགས་དེའི་སྤུས་ཀ་ཡག་པོ་བཟོ་དང་མི་བཟོ་དེ། སྤྱི་འཁོར་དེའི་ནང་ཡོད་པའི་ཆ་ཤས་བཞེས་མཁན་ཚང་མ་ཆགས་བསྡད་ཡོད་པས། འབྱུང་འགྱུར་ང་ཚོའི་མི་མང་ཙམ་མ་ཡིན་པར། མང་གཙོའི་རྒྱལ་ཁབ་གཞན་ཚོས་ང་ཚོར་མིག་དཔེ་ལེན་དགོས་པ་ཞིག་བཟོ་ཐུབ་ན་ང་ཚོའི་རྒྱལ་ཁ་རེད་ཅེས་ཞུ་རྒྱུ་ཡིན་”ཞེས་གསུང་བཤད་གནང་སོང་།

ཐེངས་འདིར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ནང་། སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ། རང་སྲེག་རྒྱ་རྒོལ་གནང་མཁན་རྡོ་པོ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ། བོད་མི་མང་དབུས་གཙང་སྤྱི་ཟུར་མངའ་རིས་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ། རྒྱ་གར་དབུས་གཞུང་གི་བདེ་སྲུང་བློན་ཆེན་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇོར་ཇ་ཕར་ནན་ཌེས། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇེ་ཨེཇ་ཌབ་ལུ་བྷུཤ་བཅས་ལ་རྗེས་དྲན་ཆེ་བསྟོད་དང་མྱ་ངན། སྨོན་ལམ་བཅས་ཞུས་ཡོད་པ་རེད།

དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་དོན་ཚན་བདུན་རྣམས་ནི།

༡) འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་རྒྱ་ནག་དམར་གཞུང་གི་དྲག་གནོན་གདུག་རྩུབ་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། པཎ་ཆེན་སྐུ་ཕྲེང་༡༡ པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་ ནག་གཞུང་གིས་གློད་གྲོལ་གྱིས་དེ་དག་གི་ཚེ་སྲོག་ལ་འགན་ཁུར་དགོས་པ་མ་ཟད། བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་བཅུག་དགོས་པ་ནན་བཤད་བྱ་རྒྱུ།

༢) སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་གཞི་བོད་རྒྱ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་གྲོས་མོལ་གྱིས་འགྲིག་འཇགས་དགོས་པ་ལས། བོད་མི་རིགས་ཀྱི་སེམས་ཁམས་ལ་གནོད་གཞིའི་ མཚན་སྨད་སྐུར་འདེབས་ཁོ་ནས་མེས་རྒྱལ་གཅིག་གྱུར་ཟེར་བ་ལས་ལྡོག་སྟེ་ཁ་བྲལ་རིང་ལུགས་པ་ངོ་མ་དེ་རྒྱ་ཡི་དབང་ འཛིན་པ་ཁྱེད་རང་ཚོ་ཆགས་བཞིན་ཡོད་པ་གོ་བརྡ་ཁ་གསལ་སྤྲོད་རྒྱུ།

༣) རྒྱ་གཞུང་གིས་མི་ལོ་ ༦༠ རིང་བོད་དུ་ཁྲ་ཁྲ་ཟིང་ཟིང་གི་དཔལ་འབྱོར་ཡར་རྒྱས་ཕྲན་བུ་བཏང་ཡོད་ནའང་། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཡི་མི་འབོར་སྤོ་ཤུགས་ཀྱིས་བོད་སར་གཏན་སྡོད་ཆེད་མཐུན་རྐྱེན་བསྐྲུན་པ་ལས། བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་བརྡལ་བཤིག་དང་། ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་ཉམས་དམས། རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན། ཕ་ཚེ་བུ་རབས་རིང་དྲག་གནོན་དང་དམར་གསོད་བྱས་པ་སོགས་ཀྱི་གུན་གསབ་ཟུར་ཙམ་ཡང་ ཆགས་ཀྱི་མེད་པ་ཡང་རྒྱ་ནག་དབང་འཛིན་པ་ཚོས་ཤེས་དགོས་རྒྱུ།

༤) རྒྱ་གཞུང་གི་དཔོན་རིགས་ཚོས་གཡས་ཁག་གཡོན་དཀྲི་མི་བྱེད་པར་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་རྣམས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་འདུན་དང་། དགའ་མོས་ཇི་ཙམ་ཡོད་མེད་རྟོག་ཞིབ་ཆེད་གཟུ་བོར་གནས་པའི་རྒྱལ་སྤྱིའི་གསར་འགོད་པའམ། རྟོག་ཞིབ་མི་སྣ་གཏོང་ཕོད་པའི་གདེང་སྤོབས་ཡོད་དགོས་པ་དྲན་གསོ་བྱ་རྒྱུ།

༥) འདས་པའི་མི་ལོ་༦༠ རིང་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་བར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་ནང་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་དང་། ལྷག་པར་དུ་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་དང་འབྲེལ་བའི་ཁྲིམས་དང་། གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་གཞིས་བྱེས་བོད་མི་རྣམས་ལ་མགོན་དཔུང་དང་འཐབ་གྲོགས་མཛད་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ།

༦) རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཙམ་དུ་མ་ཟད། གྲངས་ཉུང་མི་རིགས་མང་པོར་དབང་བསྒྱུར་བའི་ཁོངས་དེང་སྐབས་ཤར་ཏུར་ཀི་སི་ཐན་ནང་ཆེས་དམ་དྲག་བྱེད་བཞིན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་དང་། དྲག་གནོན་དེ་རིགས་མཚམས་འཇོག་དགོས་པའི་སྐུལ་མ་ཞུ་རྒྱུ།

༧) འདས་པའི་མི་ལོ་ ༧༠ ཙམ་གྱི་རིང་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་ མནར་གཅོད་ཁྲོད་གནས་བཞིན་ཡོད་ནའང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་། ཆོད་སེམས། ལ་རྒྱ་སོགས་འགྱུར་བ་མེད་པའི་རང་བཞིན་ལ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་མིག་དཔེ་བླངས་ཏེ། གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་ཤར་དུས་གཞིས་བཞུགས་བོད་མི་རྣམས་ལ་ལེགས་སྐྱེས་ཤིག་འབུལ་དགོས་པ་ལས་གཞིས་བཞུགས་བོད་མི་རྣམས་བློ་ཕམ་དང་སེམས་ཤུགས་ཆག་གཞི་ནམ་ཡང་མི་འབྱུང་བའི་ཁས་ལེན་བྱ་རྒྱུ་བཅས་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༡༣༣༧ ཀློག་གྲངས།