བརྗེད་མི་རུང་བའི་ཉིན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༢  ཕྱི་ལོ་ ༢༠༡༩/༣ /༡༣

ཕྱི་ལོ་༢༠༡༩ ཟླ་༣ ཚེས་༡༠ ཉིན་ནི་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་མང་གིས་རྒྱ་དམར་གཞུང་གི་བཙན་འཛུལ་དྲག་གནོན་ལ་ངོ་རྒོལ་གྱེན་ལངས་བྱས་ནས་མི་ལོ་དྲུག་ཅུ་ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་པ་དང་། ལོ་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བའི་ལོ་ཡང་རེད། སྤྱིར་ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གིས་བཞག་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་ཕལ་ཆེར་ཤོར་ཟིན་ནའང་། ཕྱི་ལོ་༡༩༥༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་གཞུང་དགའ་ལྡན་ཕོ་བྲང་ཡང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང་། བོད་ཡུལ་ཡོངས་རྫོགས་རྒྱ་ལག་ཏུ་ཤོར་བ་རེད། དེར་བརྟེན་ལོ་འདི་ནི་ང་ཚོ་ཕམ་པའི་ལོ་ཡིན་པ་དང་། ཕྱི་ཟླ་གསུམ་པའི་ཚེས་བཅུ་ནི་དུས་ནམ་ཡང་ང་ཚོས་བརྗེད་མི་རུང་བར། བླ་དཔོན་དང་མི་སྣ་བྱེ་བྲག་པ་ཞིག་གི་རྗེས་དྲན་གྱི་ཉིན་མོ་ཙམ་དང་བསྡུར་ཐབས་གཏན་ནས་མེད་པར་ཤིན་ཏུ་གལ་ཆེ་བའི་ཉིན་མོ་ཞིག་རེད།

དེ་རིང་ནི་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཉིན་མོ་འདི་ནི་རྒྱ་དམར་དྲག་གཞུང་གི་ངོས་ནས་ཀྱང་དོ་སྣང་དང་དོགས་ཟོན་ཆེན་པོ་བྱེད་དགོས་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད། བོད་པའི་ངོས་ནས་ཀྱང་ཉིན་མོ་འདི་ནི་ད་བར་ལས་འགུལ་གྱི་ཉིན་མོ་གལ་ཆེ་ཤོས་དེ་ཡིན་པས། མ་འོངས་པར་ཡང་བོད་ལ་རང་དབང་རང་བཙན་མ་ཐོབ་ཀྱི་བར་དུ་བོད་པའི་ངོས་ནས་དུས་ནམ་ཡང་བརྗེད་མི་རུང་བའི་ཉིན་མོ་ཞིག་ཡིན་པ་དེ། བུ་ཚ་ཕྱི་རབས་པ་རྣམས་ཀྱི་སེམས་ལ་འཇགས་ཐུབ་པ་ཞིག་བྱེད་དགོས་པ་དེ་ད་ལྟའི་མི་རབས་འདིའི་འགན་ཁུར་རེད། རྒྱ་དམར་གཞུང་གིས་བོད་ལ་དམག་དཔུང་དྲངས་ནས་ཤི་གསོད་ཁྲག་གི་འཁོར་ལོ་བསྐོར་བ་དང་། བོད་རྒྱལ་ཁབ་དང་བོད་ཀྱི་ས་ཁོངས་ཡོངས་རྫོགས་བཙན་འཕྲོགས་བདག་བཟུང་བྱས་པ། བོད་མི་འབུམ་བཅུ་གཉིས་དུས་མིན་རྐྱེན་ལམ་དུ་བཏང་བས། བོད་རྒྱ་གཉིས་ཀྱི་དབར་སོས་ཐབས་མེད་པའི་ལོ་རྒྱུས་ཀྱི་རྨ་ཁ་དང་། དུས་ནམ་ཡང་བརྗེད་ཐབས་མེད་པའི་ཤ་འཁོན་ཆེན་པོ་ཞིག་ཡོད་པ་ནི་བུ་རབས་ཚ་བརྒྱུད་ཀྱིས་དྲན་གསོ་དགོས་པ་ཞིག་རེད།

༧གོང་ས་མཆོག་གིས་རྒྱ་དམར་གཞུང་ལ་གུ་ཡངས་དཀྱེལ་ཆེ་དང་མ་འོངས་པར་བོད་རྒྱ་མཉམ་གནས་བྱས་ན་ཕན་ཐོགས་ཡོང་རྒྱུའི་ཐུགས་རེ་བཅངས་ནས། རྒྱ་དམར་གཞུང་ལ་ལོ་རྒྱུས་ཀྱི་གནས་བབས་ལ་རྩིས་རྒྱག་རྩོད་གླེང་གང་ཡང་མེད་པར་མ་འོངས་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་མཉམ་གནས་བྱ་ཆོག་པའི་དགོངས་གཞི་ཕྱི་ལོ་༡༩༧༤ ལོར་ཐོག་མ་བཟུང་ནས་མི་ལོ་ཧྲིལ་པོ་༤༥ འཁོར་ཟིན་པ་དང་། ཕྱིས་སུ་ཕྱི་ལོ་༡༩༧༩ ལོར་ཏིང་ཞོ་ཕིན་གྱིས་རང་བཙན་ཕུད་པའི་བོད་ཀྱི་གནད་དོན་གྲོས་བསྡུར་དང་ཐག་གཅོད་བྱེད་ཆོག་པའི་གྲོས་མགོ་བཏོན་པ་བཞིན། ༧གོང་ས་མཆོག་གིས་སྐབས་དེར་དབུ་མའི་ལམ་གྱི་སྲིད་བྱུས་གསལ་སྟོན་མཛད་ཡོད་ཀྱང་། ད་བར་རྒྱ་དམར་གཞུང་གིས་དོན་དང་མཐུན་པའི་ཐག་གཅོད་མ་བྱས་པ་མ་ཟད། ད་ལྟའི་ཆར་ཡང་༧གོང་ས་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨོད་བྱས་དང་བྱེད་བཞིན་ཡོད། ལྷག་པར་དུ་རྒྱ་གཞུང་གིས་“ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་”དེ་དག་རེ་རེ་བཞིན་བརྗོད་གཞིར་བཟུང་ནས་སྐུར་འདེབས་བྱེད་བཞིན་འདུག

ད་དུང་“ཁོ་པ་ནི་“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་མཁན་གྱི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་འཚོང་བ་བཅས་རེད།”ཅེས་བརྗོད་འདུག སྤྱིར་རྒྱལ་ཁབ་གཉིས་དབར་འགལ་ཟླ་བྱུང་སྐབས་འགྲིག་འཇགས་མ་བྱུང་བར་ཕན་ཚུན་སྐྱོན་བརྗོད་བྱེད་པ་ནི་རང་བཞིན་ལྟ་བུ་ཡིན་ཡང་། ༧གོང་ས་མཆོག་གིས་ཞལ་ཞེ་གཉིས་མེད་ཀྱིས་མི་ལོ་བཞི་བཅུ་ལྷག་རིང་བསྟུན་མཁས་དང་གུ་ཡངས་མཛད་པར། རྒྱ་དམར་དྲག་གཞུང་གིས་ངོས་འཛིན་དང་བརྩི་མཐོང་གཏན་ནས་མ་བྱས་པ་རེད། ལྷག་པར་དུ་གསུམ་བཅུའི་དུས་དྲན་གྱི་སྔ་ཉིན་དགོང་མོ་བོད་ལྗོངས་བརྙན་འཕྲིན་སོགས་སུ་གོང་གསལ་རྩོམ་ཡིག་རྣམས་སྒྲོགས་སྦྱང་བྱས་པ་ནི། བདེ་འཇགས་ཀྱི་ཆེད་དུ་མ་ཡིན་པར་བོད་མི་མང་ལ་ཆེད་དུ་མི་རིགས་ཀྱི་འཁོན་འཛིན་དང་སྙིང་ནད་བསྐྲུན་པ་རེད།

མདོར་ན་རྒྱ་དམར་དྲག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེའི་ཚད་ལ་ངང་སྒུག་གིས་བོད་དོན་ལ་གུ་ཡངས་གཏོང་འདོད་གཏན་ནས་མེད་པའི་རྣམ་འགྱུར་འདི་ལ་བལྟས་ན། བོད་པ་ཚོས་ཀྱང་ལངས་ཕྱོགས་དང་བསམ་བློ་གསར་པ་ཞིག་འཛིན་དགོས་པའི་དུས་ལ་བབ་འདུག ལྷག་པར་དུ་ད་ལྟ་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་མགོན་པོ་གང་ཉིད་ཀྱིས་མི་ལོ་༤༠ ལྷག་གི་རིང་། བོད་རྒྱ་གཉིས་ཀྱི་དབར་ལོ་རྒྱུས་ཀྱི་ཤ་འཁོན་ལ་དགོངས་པ་མ་བཞེས་པར་བོད་རྒྱ་གཉིས་མཉམ་གནས་དང་འཆམ་མཐུན་ཡོང་བའི་དགོངས་པ་བཞེས་པ་དང་། དེ་ལུགས་ཀྱིས་འབད་བརྩོན་ལྷོད་མེད་མཛད་ཀྱང་། རྒྱ་གཞུང་གིས་བསམ་ཤེས་ཉན་འཇོག་གཏན་ནས་མ་བྱས་པར་བརྟེན། མ་འོངས་པར་གཞིས་བྱེས་བོད་མི་མང་གི་ངོས་ནས་རྒྱ་དམར་གཞུང་དང་མཉམ་གནས་དང་ཁ་བྲལ་གྱི་ལངས་ཕྱོགས་ག་རེ་བཟུང་ཡང་། མགོན་པོ་གང་གི་ངོས་ནས་འགན་ཁུར་དང་ཐུགས་འགྱོད་གང་ཡང་མེད་པར་རྒྱ་ཆེའི་མི་མང་གི་འདོད་མོས་བཞིན་བྱེད་དགོས་པའི་བཀའ་ཞིག་ཡོངས་ཁྱབ་ཀྱི་ཐོག་ནས་བསྩལ་གནང་དགོས་པ་ནི་ཧ་ཅང་གལ་ཆེ་ཞིང་དུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་འདུག་སྙམ།།

Share this:
༡༦༩༨ ཀློག་གྲངས།