བླ་སྤྲུལ་རེའི་འགྲམ་ན་རྒྱ་མོ་རེ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༣  ཕྱི་ལོ་ ༢༠༡༩/༣ /༢༠

ད་ལྟ་ཕྱིའི་རྣམ་པའི་ཐོག་ནས་ནང་པ་སངས་རྒྱས་པ་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་དེ་ཉིད་འཛམ་གླིང་གི་ས་ཕྱོགས་གང་སར་དར་ཁྱབ་དང་ཤེས་རྟོགས་ཆེ་རུ་འགྲོ་གི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་ནང་དུ་ནང་པ་ལ་དད་པ་དང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པའི་རྣམ་པ་ཆེན་པོ་ཡོད། བོད་ཕྱི་ནང་གཉིས་ནས་དེ་ལ་དགའ་སྣང་དང་གོ་སྐབས་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་པ་མ་ཟད། དེ་ལ་བརྟེན་ནས་སྤོབས་པ་དང་སྤྲོ་སྣང་གསར་པ་ཞིག་ཀྱང་ཡོང་གི་ཡོད། ད་དུང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གིས་ཀྱང་ཕན་ཚུན་འགྲན་རྩོད་ཀྱི་ཐོག་ནས་རྒྱ་ནག་ཏུ་ཆོས་བརྒྱུད་སོ་སོའི་ཤུགས་རྐྱེན་སླེབས་ཐུབ་པའི་ཐབས་ཤེས་དང་། ཆུང་ས་ནས་དགོན་པ་བྱེ་བྲག་པ་དང་མི་སྒེར་བྱེ་བྲག་པ་བཅས་ཀྱི་དོན་དག་འགྲུབ་པའི་འབད་བརྩོན་བྱེད་བཞིན་ཡོད། སློབ་སྦྱོང་དང་མཚན་གནས། གོ་ས་དང་དབང་ཆ་བཅས་ཡོད་པའི་བླ་སྤྲུལ་དང་མཁན་པོ་དགེ་བཤེས་མང་པོ་རྒྱ་ནག་སོགས་སུ་ཕེབས་བཞིན་ཡོད་པ་སྨྲོས་མེད་དང་། དེ་མ་ཡིན་པའི་རྫུན་འབག་གྱོན་མཁན་མང་པོ་ཞིག་ཀྱང་འགྲོ་བཞིན་ཡོད་པ་ནི་ཡོངས་གྲགས་སུ་གྱུར་ཡོད།

རྒྱ་ནག་གི་ནང་ཆོས་དད་ལྡན་པ་མང་ཤོས་བུད་མེད་ཡིན་པ་དང་། ཨ་རི་དང་། ཡུ་རོབ་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུའང་ནང་པའི་རྗེས་འབྲངས་པ་མང་པོ་ཞིག་བུད་མེད་ཡིན་པ་ལྟ་བུའི་རྣམ་པ་མཐོང་རྒྱུ་འདུག དེ་ནི་བུད་མེད་ལ་བྱམས་སྙིང་རྗེ་ལྷན་སྐྱེས་སུ་མངའ་བས་ཡིན་ཚུལ་བརྗོད་མཁན་འདུག་ཀྱང་། བླ་སྤྲུལ་ཆེ་ཁག་མང་པོ་ཡར་མར་ཆིབས་བསྒྱུར་གནང་སྐབས་རྒྱ་མོ་དང་དབྱིན་མོ་མང་པོ་ཞབས་རྗེས་སུ་འབྲངས་མཁན་ཡོད་པ་དང་། དེ་དག་ག་ཚོད་མང་བ་མཉམ་འཁྲིད་གནང་རྒྱུ་ཡོད་པ་དེའི་ཚོད་ཀྱིས་གཟི་བརྗིད་དང་སྟོབས་འབྱོར་ཆེ་བ་ཡིན་པའི་ལྟ་ཚུལ་ཡོད་མཁན་ཡང་མང་པོ་ཡོད། དེ་ཡང་དུས་རབས་ཉེར་གཅིག་པའི་ནང་དུ་དཔལ་འབྱོར་ནི་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་སྟབས། སྦྱིན་བདག་སྟོབས་འབྱོར་ཆེན་པོ་ཅན་མང་པོ་དགོས་པ་དེ་ཡང་བླ་སྤྲུལ་དེ་དག་གི་སྐྱོང་ཡུལ་དགོན་སྡེ་ཁག་གི་འཛུགས་སྐྲུན་དང་མཐུན་རྐྱེན་གྱི་ངོས་ནས་བཤད་ན་གལ་ཆེན་པོ་རེད། དེར་བརྟེན་འཁོར་སློབ་དང་སྦྱིན་བདག་གི་སྟོབས་འབྱོར་འགྲན་རྩོད་དང་ཕན་ཚུན་ངོམ་སོ་བྱེད་པའི་དར་སྲོལ་འདི་ལྟར་ཡོང་མི་སྲིད་པ་ཞིག་མ་རེད།

དེ་རིང་འདིར་བརྗོད་འདོད་པ་གཙོ་བོ་ནི་སྦྱིན་བདག་དང་སློབ་མ་ཡོད་དགོས་མིན་དང་། དཔལ་འབྱོར་ཆེ་ཆུང་ག་རེ་ཡག་མིན་དེ་མ་ཡིན་པར། བླ་མ་མང་པོའི་འཁོར་དུ་བུད་མེད་མང་པོ་ཡོད་པ་དང་། ལྷག་པར་དུ་བླ་མ་ཆེ་ཁག་མང་པོར་སློབ་མ་བུད་མེད་དང་འབྲེལ་བའི་ཐོག་ནས་འཛམ་གླིང་གི་ཤར་ནུབ་གང་ས་ནས་རྩོད་རྙོག་མང་པོ་ཡོང་གི་ཡོད་པ་དེར་ཡང་བསམ་བློ་མི་གཏོང་ཀ་མེད་ཅིག་ཏུ་གྱུར་འདུག རྒྱ་མོ་དང་དབྱིན་མོ་རེ་ཟུང་གི་རྒྱབ་ཏུ་ཆབ་སྲིད་ཀྱི་ལག་པ་ནག་པོ་རེ་ཡོད་མིན་དང་། བོད་ཀྱི་བླ་མ་ཆེ་ཆུང་མང་པོ་ཞིག་གི་མཚན་མཐོང་དང་ནུས་པ་གཅོག་ཐུབ་ན། བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་ནུས་པ་དང་མཐོང་ཆག་འགྲོ་བས། དེ་ལྟར་བྱས་ན་དོན་གྱིས་ཁེ་ཕན་སུ་ལ་ཡོད་མེད་དེ་ཡང་ང་ཚོའི་བསམ་བློ་གཏོང་དགོས་པ་ཞིག་རེད། ད་དུང་ནུབ་ཕྱོགས་སུ་བོད་ཀྱི་བླ་མ་ཤུགས་རྐྱེན་ཆེན་པོ་ཅན་ཁག་ཅིག་ལའང་། ལོ་མང་པོའི་སྔོན་གྱི་རྩོད་གཞི་རྙིང་པ་ལ་ཁ་གཡར་ནས་རྩོད་རྙོག་མང་པོ་བཟོ་བཞིན་པ་འདི་ཡང་། ར་ཤ་གསར་པས་ནད་རོ་རྙིང་པ་སློང་དགོས་པའི་རྒྱབ་ལྗོངས་ག་རེ་ལ་ཐུག་ཡོད་མེད་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད།

ཞིབ་ཏུ་བསམ་བློ་བཏང་ན་རྒྱ་དམར་གཞུང་ལ་མཚོན་ན་བོད་དོན་ནི་ཁུར་པོ་ཆེ་ཤོས་གྲས་སུ་ཚུད་ཡོད་པ་དང་། དེ་ལ་ཁ་གཏད་གཅོག་ཆེད་ཐབས་ལམ་འདྲ་མིན་སྣ་ཚོགས་ལུ་གུ་རྒྱུད་དུ་སྤེལ་བཞིན་ཡོད་སྟབས། བླ་སྤྲུལ་རེ་རེའི་འགྲམ་དུ་རྒྱ་མོ་རེ་ཡོད་པ་དག་གི་ནང་མང་པོ་ཞིག་རྒྱ་དམར་གཞུང་གིས་མི་མངོན་པའི་ཐོག་ནས་འགྲོ་སོང་བཏང་སྟེ་གོ་སྒྲིག་བྱས་པ་ཞིག་ཡིན་སྲིད་པ་རེད། རྒྱ་ནག་གི་ཐབས་བྱུས་ནང་བུད་མེད་ལ་བརྟེན་ནས་ཁ་གཏད་ཕམ་ཉེས་གཏོང་བའི་ཐབས་ལམ་ནི་སྔ་མོ་ནས་ཡོད་པ་ཞིག་ཡིན་སྟབས། ད་ལྟའི་ཆར་ཡང་བོད་པའི་ནུས་པ་གཅོག་ཆེད་འཛམ་གླིང་ཤར་ནུབ་གང་སར་ཡོད་པའི་བླ་ཆེན་ནུས་པ་ཅན་དག་གི་འགྲམ་དུ་མགོ་སེར་དང་མགོ་ནག་ཅན་གྱི་བུད་མེད་མང་པོ་བཀོད་སྒྲིག་བྱེད་མི་སྲིད་པ་གཏན་ནས་མ་རེད་ལ། གནས་ཚུལ་ཁ་ཤས་ལ་བལྟས་ན་དེ་ལྟ་བུའི་ངན་བྱུས་ཆེན་པོ་ཞིག་ཡོད་པའི་གནས་སྟངས་ཀྱང་གསལ་ཡོང་བ་ལྟ་བུ་འདུག རྒྱ་དམར་གཞུང་གི་ངོས་ནས་རྒྱ་ནག་གི་སྲོལ་རྒྱུན་ཐབས་བྱུས་རྙིང་པ་འདི་བེད་སྤྱོད་བཏང་ནས་བོད་པའི་སྤྱི་ཚོགས་ཀྱི་ནུས་པ་གཅོག་ཐབས་བྱེད་ཀྱི་ཡོད་ས་རེད།

མདོར་ན་ནང་པའི་ཆོས་ཀྱི་གཞུང་ལུགས་ནང་དགྲ་དང་གཉེན་གྱི་ཁྱད་པར་མི་འབྱེད་པར་གཅིག་མཚུངས་སུ་བལྟ་དགོས་པ་མ་ཟད། སྐབས་རེ་དགྲ་བོ་དང་ཕ་མ་དང་གཅིག་མཚུངས་སུ་བལྟ་དགོས་པའང་ཡོད་པས། རྒྱ་རིགས་རྣམས་རྗེས་སུ་འཛིན་དགོས་པ་སྨྲོས་མེད་ཡིན་པ་དང་། བོད་པའི་བླ་སྤྲུལ་སུ་དང་སུ་ཡིན་ཡང་དགོན་པ་དང་གྲྭ་ཚང་སྐྱོང་རྒྱུ་དང་། རླབས་ཆེན་གྱི་ཕྱག་ལས་མང་དག་ཅིག་ཡོད་སྟབས། དཔལ་འབྱོར་དགོས་པ་ཧ་ཅང་གལ་ཆེ་ཡང་། ཐུགས་སྣང་གནང་དགོས་པ་ཞིག་ལ་དེ་དག་གི་ནང་དུ་རྒྱ་དམར་གཞུང་གིས་ཆེད་གཏོང་བྱས་པའི་ལས་ཀ་བྱེད་མཁན་ཡང་ཡོད་ངེས་པས་དེའི་སྐོར་ལ་དོགས་ཟོན་གནང་མ་ཐུབ་ན། བླ་ཆེན་རེ་རེ་བཞིན་མཚན་མཐོང་གཅོག་ཐབས་དང་། དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ཧྲིལ་པོའི་ནུས་པ་གཅོག་ཐབས། ད་དུང་བོད་བརྒྱུད་ནང་བསྟན་དང་ནང་པ་སངས་རྒྱས་པ་སྤྱི་ཡོངས་ལ་མཚན་ཤས་བཟོ་བའི་ངན་བྱུས་ཀྱང་སྤེལ་ངེས་ཡིན་པས། མ་འོངས་པར་བླ་སྤྲུལ་དགེ་བཤེས་དང་། མཁན་པོ་སློབ་དཔོན་སུ་ཡིན་ཡང་གནད་དོན་འདིའི་ཐོག་ལ་གཟབ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་འདུག་སྙམ།།

Share this:
༡༠༢༨ ཀློག་གྲངས།