རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཚད་ཡོད་ཚུལ་བརྗོད་འདུག 

ཉེ་བའི་ཆར་༧གོང་ས་མཆོག་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཞིག་ཏུ། མ་འོངས་པར་ཁོང་གི་ཡང་སྲིད་དེ་རང་དབང་ཅན་གྱི་རྒྱལ་ཁབ་རྒྱ་གར་ནང་འཁྲུངས་སྲིད་པ་དང་། གལ་ཏེ་རྒྱ་ནག་གིས་ཡང་སྲིད་གཞན་ཞིག་བདམས་ཚེ་དེ་ལ་སུ་གང་གིས་ཡིད་ཆེས་དང་གུས་བརྩི་བྱེད་རྒྱུ་མིན་སྐོར་གསུངས་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་དེ་རྒྱ་ནག་གི་ཁྲིམས་དང་མཐུན་པའི་ཐོག་ནས་ངོས་འཛིན་བྱེད་དགོས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག

ཟླ་༣ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༣ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་རེའུ་ཊར་ཐོག་ཏུ། གསར་ཁང་དེའི་གསར་འགོད་པ་ཞིག་གིས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པའི་ནང་། ༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་དེ་གལ་ཤིན་ཏུ་ཆེན་པོ་བརྩི་བཞིན་ཡོད་པ་དང་། ཁོ་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མ་དེའི་ཐོག་༧གོང་ས་མཆོག་ཁོང་ལས་སེམས་འཚབ་མང་བ་བྱེད་ཀྱི་ཡོད་པ་ལས། ཁོང་ལ་དེའི་ཐོག་སེམས་འཚབ་མེད། གལ་ཏེ་མ་འོངས་པར་རང་དབང་ལུང་པ་རྒྱ་གར་ནས་ཏཱ་ལའི་བླ་མའི་ཡང་སྲིད་ཅིག་དང་རྒྱ་ནག་གིས་བདམས་པའི་ཡང་སྲིད་ཅིག་གཉིས་འབྱུང་སྲིད་པ་དང་། གལ་ཏེ་དེ་ལྟར་བྱུང་ཚེ། རྒྱ་ནག་གིས་བདམས་པའི་ཡང་སྲིད་དེར་སུ་གང་གིས་ཡིད་ཆེས་དང་གུས་བརྩི་བྱེད་རྒྱུ་མིན་པས། གནད་དོན་དེ་རྒྱ་ནག་ལ་དཀའ་ངལ་སྣོན་མ་ཞིག་ཡིན་སྐོར་དང་། དེ་བཞིན་བོད་མི་མང་ཆེ་བས་དགའ་ལྡན་ཕོ་བྲང་དེ་མུ་མཐུད་གནས་པའི་འདོད་པ་ཡོད་ཚེ། དེ་མུ་མཐུད་གནས་ནས་སྐུ་ཕྲེང་༡༥ པའི་ཡང་སྲིད་སྐོར་གྱི་དྲི་བ་སླེབས་རྒྱུ་ཡིན་སྐོར་དང་། གལ་ཏེ་ཡང་སྲིད་འཁྲུངས་ཚེ་ཁོང་ལ་ཆབ་སྲིད་ཀྱི་འགན་དབང་མུ་མཐུད་ནས་མེད་པར་གནས་རྒྱུ་ཡིན་སྐོར་གསུངས་འདུག

བཅར་འདྲི་དེ་དང་བསྟུན་ནས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་བཀའ་ལན་རྣམས་ཁྱབ་སྤེལ་ཆེན་པོ་ཕྱིན་འདུག་པས། ཟླ་༣ པའི་ཚེས་༡༩ ཉིན་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཏུ། ད་ལྟའི་ཏཱ་ལའི་བླ་མ་འདི་ཡང་དུས་རབས་མང་པོའི་རིང་གི་ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་བསྟུན་ནས་ངོས་འཛིན་བྱས་པ་ཞིག་ཡིན་པ་དང་། རྒྱ་ནག་དབུས་གཞུང་གིས་ངོས་ལེན་བྱས་པ་ཞིག་ཡིན་པ། ལམ་ལུགས་དེ་ཚོ་རྒྱ་ནག་གཞུང་གིས་སྲུང་སྐྱོབ་དང་གུས་བརྩི་བྱེད་ཀྱི་ཡོད་པས། ཏཱ་ལའི་བླ་མའི་ཡང་སྲིད་དེ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མཐུན་དགོས་ཀྱི་ཡོད་ཁར། ཆོས་ལུགས་ཀྱི་ལམ་སྲོལ་དང་ལོ་རྒྱུས་ཀྱི་རྗེས་སུ་འབྲངས་དགོས་ཀྱི་ཡོད་སྐོར་བརྗོད་ནས། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཚད་ཡོད་ཁར། ཡང་སྲིད་དེ་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག

དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་སྟེང་དུ་ཡང་༧གོང་ས་མཆོག་གི་བཀའ་ལན་ལ་དགག་བྱ་བྱས་འདུག

རྒྱ་ནག་གཞུང་གིས་དེ་སྔོན་ཡང་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་ཚད་དེ་ཁོ་ཚོར་ཡོད་ཚུལ་བརྗོད་མྱོང་ཡོད་པས། དེ་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་གིས་ཆོས་ཁས་ལེན་མི་བྱེད་མཁན་གྱི་དམར་ཤོག་ཚོགས་པ་ཞིག་གིས། ཆོས་ལུགས་དང་འབྲེལ་བའི་ལམ་སྲོལ་ལ་ཐེ་བྱུས་བྱེད་ཐབས་ལ་འཇུག་པའི་དབང་ཚད་མེད་ཁར། འཛམ་གླིང་ནང་གི་ནང་པ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་བྱེད་མི་སྲིད་སྐོར་བརྗོད་མྱོང་བ་རེད།

ཐེངས་འདིར་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ནི་རྒྱ་ནག་དབུས་གཞུང་གིས་ངོས་ལེན་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གཞུང་གིས་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་འཚོལ་ཞིབ་མ་ལག་ཞེས་པ་སྒོ་འབྱེད་བྱས་པའི་ནང་། ༧གོང་ས་མཆོག་གྲངས་ཐོའི་ནང་བཞག་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༩༠༠ ཀློག་གྲངས།