རྒྱ་མིའི་དངོས་རྫས་ཉོ་ཚོང་ལ་རྒྱ་གར་ཚོང་འདུས་མཐུན་གྲོགས་ཚོགས་པས་ངོ་རྒོལ་བྱས་པ།

རྒྱ་གར་རྒྱལ་ཡོངས་ཚོང་འདུས་མཐུན་གྲོགས་ཚོགས་པ་ནི་རྒྱ་གར་ནང་གི་ཚོང་པ་ས་ཡ་༧༠ ཙམ་གྱིས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ད་ཐེངས་ཚོགས་པ་དེས་རྒྱ་གར་ཧིན་དུ་ཚོའི་སོས་ཀའི་དུས་ཆེན་ཧོ་ལི་(Holi) མ་བསླེབ་གོང་གི་ཉིན་མོ་ཧོ་ལི་ཀ་(Holika) ཞེས་པའི་དུས་ཆེན་འདིར་ཤིང་ཕོན་ཆེན་མེར་བསྲེགས་ཏེ། ཧོ་ལི་ཀ་ཞེས་པའི་འདྲེ་མོ་ཞིག་མེར་སྲེག་པའི་ཉིན་མོར་བརྩི་སྲོལ་ཡོད་པ་དང་། ད་ཐེངས་དུས་ཆེན་འདིར་རྒྱ་གར་ཚོགས་པ་འདིའི་རྒྱ་ནག་ནས་ནང་འདྲེན་དངོས་ཟོག་མེར་སྲེག་བཏང་འདུག

ཕྱི་ལོ་༢༠༡༩ ཟླ་བ་༣ པའི་ཚེས་༡༩ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཚོང་འདུས་མཐུན་གྲོགས་ཚོགས་པ་(CAIT) ཚོང་པ་གྲངས་འབོར་ས་ཡ་༧༠ ཙམ་གྱིས་དཔྱིད་ཀའི་དུས་ཆེན་ཧོ་ལི་ཀ་ཞེས་པ་དང་སྟབས་བསྟུན་ནས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བྱས་པ་བཀོལ་སྤྱོད་བྱེད་པར་ངོ་རྒོལ་དང་། དུས་དྲན་འདིར་ནམ་རྒྱུན་མེ་དཔུང་ནང་ཤིང་ཕོན་ཆེན་སྲེག་གི་ཡོད་ཀྱང་། ཐེངས་འདིར་རྒྱ་མིའི་ཐོན་རྫས་ཀྱི་མེ་ཤིང་བྱས་འདུག

དེ་ནི་རྒྱ་ནག་གིས་ཕྱི་ཟླ་༣ པའི་ཚེས་༡༣ ཉིན་པ་ཀི་སི་ཐན་གྱི་མི་སེར་ཡིན་པ་དང་། མཉམ་སྦྲེལ་རྒྱལ་ཁབ་ཀྱིས་བཀག་འགོག་བྱེད་ས་དྲག་སྤྱོད་ཤོག་ཁག་ (JeM) ཅེས་པའི་ཉེ་བའི་ཆར་ཀ་ཤི་མིར་ནང་དྲག་རྒོལ་བྱས་ཏེ་རྒྱ་གར་གྱི་དམག་༤༠ གསོད་མཁན་གྱི་གཏེར་དཔོན་མཱ་སུཊ་ཨ་ཛར་ཟེར་བ་གོ་ལ་ཡོངས་ཀྱི་དྲག་སྤྱོད་པ་ཡིན་པ་མཉམ་སྦྲེལ་རྒྱལ་ཁབ་བདེ་སྲུང་ལྷན་ཁང་ནས་ཁྱབ་བསྒྲགས་བྱ་རྒྱུར་བཀག་སྡོམ་བྱས་པར་ཡ་ལན་ངོ་རྒོལ་ཆེད་ཡིན་ཞེས་བརྗོད་པ་དང་། རྒྱ་གར་རྒྱལ་ཡོངས་མཐུན་གྲོགས་གཅིག་སྒྲིལ་ཚོགས་པའི་ཚོང་པ་ཚོས་བརྗོད་དོན། “ཐེངས་འདིའི་ཁོང་ཚོའི་རྒྱ་མིའི་དངོས་རྫས་བཀོལ་སྤྱོད་ལ་ངོ་རྒོལ་བྱས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གིས་མཉམ་སྒྲེལ་རྒྱལ་ཁབ་ནང་དགག་བྱའི་དབང་ཚད་ (Veto Power) བེད་སྤྱད་དེ་དྲག་སྤྱོད་པ་མཱ་སུ་ཊི་ཡི་(Masood) མིང་གཞུང་ནག་པོ་ཡིན་པའི་མཉམ་འབྲེལ་རྒྱལ་ཁབ་ནས་རྩིས་མེད་བྱས་ཀྱང་རྒྱ་ནག་གཞུང་གིས་ཁོང་སྲུང་སྐྱོབ་བྱས་པར་བརྟེན།  ད་ལྟའང་གནས་སྟངས་དེའི་སྐོར་ཐག་གཅོད་བྱུང་མེད་པ་དང་། ལྷག་པར་ངོ་རྒོལ་དེ་བརྒྱུད་ནས་རྒྱ་ནག་ལ་སློབ་ཚན་ཞིག་གམ་སྣ་སུན་ཞིག་སྤྲད་ཡོད་”ཅེས་བརྗོད།

ད་ཐེངས་ངོ་རྒོལ་ཁྲོམ་སྐོར་བ་ཚོས་མི་མང་ལ་ནན་སྐུལ་བྱས་ཏེ་རྒྱ་མིའི་དངོས་ཟོག་བེད་སྤྱོད་བྱེད་མི་ཆོག་པ་དང་། རྒྱ་གར་གཞུང་ལ་ཡང་རྒྱ་མིིའི་ཐོན་རྫས་ནང་འདྲེན་བྱས་པར་ཚོང་ཁྲལ་སྤར་དགོས་པའི་འབོད་སྐུལ་ཞུས་པ་དང་། ལྷག་པར་རྒྱ་གར་གྲོང་ཁྱེར་ལྡི་ལིའི་ནང་གི་རྒྱ་མིའི་ཁྲོམ་ར་ཨ་མ་ཡིན་པ་ས་བྡར་ཁྲོམ་རའི་ནང་རྒྱ་མིའི་ནང་འདྲེན་ཚོང་ཟོག་གློག་ཀླད་དང་། ལག་ཐོག་ཁ་པར། ད་རུང་མྱུར་འཕྲིན་འཕྲུལ་ཆས་དང་རྩེད་ཆས་འདྲ་མིན་མེར་སྲེག་བཏང་འདུག

གཞན་ཡང་ད་ཐེངས་ངོ་རྒོལ་དེ་རྒྱ་གར་ས་གནས་ཁག་༡༥༠༠ ཙམ་ནང་བྱས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ལ་ཁྱབ་ཡོད་འདུག །

གསར་འགོད་སྦྱོང་བརྡར་བ་ལྷ་མོས་བསྡུ་སྒྲིག་བྱས།

Share this:
༡༣༣༥ ཀློག་གྲངས།