འདེམས་ཐོན་བཀའ་བློན་ལ་འོས་གྲངས་བརྒྱ་ཆ་ལོན་ཡོད་མེད་ཀྱི་གླེང་གཞི་བྱུང་འདུག

ཟླ་འདིའི་ཚེས་༢༢ ཉིན་གྲོས་ཚོགས་ནང་བཀའ་བློན་དུ་འདེམས་ཐོན་བྱུང་བའི་སྟོབས་རྒྱལ་ཚེ་རིང་ལ་སྤྱི་འཐུས་ངོ་ཡོད་ཀྱི་འོས་གྲངས་བརྒྱ་ཆ་ལྔ་བཅུ་ལོན་ཡོད་མེད་ཀྱི་དོགས་གཞིའི་ཡི་གེ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ཚོགས་གཙོའི་མཚན་ཐོག་ཏུ་བཏང་བར། ཚོགས་གཙོས་བཅའ་ཁྲིམས་ལུང་འདྲེན་གྱིས་འོས་གྲངས་བརྒྱ་ཆ་ལོན་ཡོད་པའི་ལན་གནང་འདུག

ཟླ་འདིའི་ཚེས་༢༣ ཉིན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདེམས་ཐོན་བཀའ་བློན་དེར་འོས་གྲངས་༢༡ ཡིན་པས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་༤༨་༨༤ རེད་འདུག་པས་དེའི་ཐོག་གསལ་བཤད་དགོས་ཟེར། བརྒྱ་ཆ་བགོ་ཕྱོགས་དེ་སྤྱི་འཐུས་༤༣ ཡོད་ན་བརྒྱ་ཆ་ལྔ་བཅུ་དེ་སྤྱི་འཐུས་༢༡ དང་གྲངས་ཆུང་ལྔ་བཅུ་ཆགས་བསྡད་ཡོད་རེད། བཅའ་ཁྲིམས་ནང་འོས་འཕེན་སྐབས་སྐར་ཆ་རྩིས་མ་དགོས་འཁོད་ཡོད་པས། ༢༡ དེ་བརྒྱ་ཆ་ལྔ་བཅུ་ཆགས་ཀྱི་རེད། དེ་ལ་བརྟེན་ནས་བཀའ་བློན་དུ་འདེམས་ཐོན་བྱུང་བར་ངོས་འཛིན་བྱས་ཡིན། བརྒྱ་ཆ་བགོ་སྟངས་ཀྱི་རེའུ་མིག་དེ་གཞིར་བཟུང་བྱས་ཡིན་”ཞེས་གསུངས་སོང་ལ།  བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་། “སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་”ཞེས་འཁོད་ཡོད་པ་ལུང་འདྲེན་གནང་སོང་།

གལ་སྲིད་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁས་ལེན་མ་གནང་ན་ག་རེ་གནང་གི་རེད་ཅེས་དྲིས་པར། ཚོགས་གཙོས་བཅའ་ཁྲིམས་ལུང་འདྲེན་དང་གྲོས་ཚོགས་ཀྱི་དབང་ཚད་སྐོར་གསུང་དོན། “སྤྱི་འཐུས་ལྷན་ཚོགས་ནང་ལས་དོན་བྱེད་ཕྱོགས་དང་། བཀའ་མོལ་གནང་ཕྱོགས། འོས་འཕེན་སྟངས་ཁྲིམས་ཞིབ་ཁང་གང་གི་ཁྱབ་ཁོངས་ལ་ཡོད་མ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་དུང་ངོས་ལེན་མ་གནང་ན་བཅའ་ཁྲིམས་ཀྱི་ཁྱབ་ཚད་ཡོད་པ་དེར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད། དམ་ཅ་ཕུལ་ས་ཆེས་མཐོའི་ཁྲིམས་ཞིབ་པ་དང་། ཕུལ་མཁན་འདེམས་ཐོན་བཀའ་བློན་དེ་རེད། གྲོས་ཚོགས་ཀྱི་ངོས་ནས་འདེམས་ཐོན་བྱུང་བར་འཛིན་བྱས་ཡོད་པ་རེད་”ཅེས་གསུངས་སོང་།
བཅའ་ཁྲིམས་དོན་ཚན་ང་བརྒྱད་པའི་ནང་། “༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག ༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད་”ཅེས་འཁོད་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ཞེ་དྲུག་པའི་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌ནང་འཁོད་དོན། “༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིག་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག་”ཅེས་འཁོད་ཡོད་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གསར་འགོད་པ་བཅར་ནས་སྐད་ཆ་འདྲི་སྐབས། ཁོང་ཚོས་དེའི་སྐོར་གསར་འགོད་གང་ཡང་འགྲེལ་བརྗོད་གནང་མ་སོང་ལ། ཁྲིམས་ཞིབ་ཁང་གིས་ལྷན་ཚོགས་ཤིག་ད་ལྟ་འཚོག་གྲབས་ཡོད་ཅེས་གསུངས་སོང་།
གྲོས་ཚོགས་ནང་བཀའ་བློན་འོས་འདེམས་སྐབས། སྤྱི་འཐུས་༤༣ ཡོད་པ་དང་། ཚོགས་གཙོས་འོས་འཕེན་ཀྱི་མེད་པས། འོས་བསྡུའི་གྲུབ་དོན་དུ་བཀའ་བློན་དུ་འོས་པ་གྲངས་༢༡ དང་མི་འོས་པ་༡༨། རྩིས་མེད་༡། སྟོང་པ་༢ བཅས་ཐོན་པ་ལྟར། མང་མོས་ཐོག་ནས་རྫོང་ཁ་སྟོབས་རྒྱལ་ཚེ་རིང་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་ཚོགས་གཙོས་གསལ་བསྒྲགས་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༩༢༥ ཀློག་གྲངས།