རྒྱ་གཞུང་གིས་བོད་ཐོག་རྒྱབ་ཤ་དཀར་པོ་ཟེར་བའི་དེབ་ཅིག་བསྐྱར་དུ་བཏོན་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ཟེར་བས་རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་༦༠ འཁོར་བའི་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་ཞིག་ཁ་སང་བཏོན་ཡོད་པ་དང་དེ་ནི་སྲིད་གཞུང་གི་ལངས་ཕྱོགས་དང་ལྟ་བ་གསལ་སྟོན་བྱས་པའི་བསྒྲགས་ཡིག་གལ་ཆེན་ཞིག་ཡིན་པར་བརྗོད་འདུག

ཟླ་འདིའི་ཚེས་༢༨ ཉིན་རྒྱ་ནག་གཞུང་འབྲེལ་གྱི་བོད་ཡིག་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་དུ། ཁ་སང་སྟེ་ཚེས་༢༧ ཉིན་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་འདུག་པ་དང་། དེབ་དེའི་ནང་དོན་གཙོ་བོ་“བོད་རྙིང་པའི་མུན་ནག་གི་ཞིང་བྲན་ལམ་ལུགས་ཇི་མ་ཇི་བཞིན་དྲངས་པ། ཏྰ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལྐོག་གཡོ་བཤམས་ཏེ་པའི་བོད་རང་བཙན་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་བྱས་པ། ཀྲུང་གོ་ཏང་གི་མཁས་མཛངས་ལྡན་པའི་འགོ་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་མ་བུ་མངོན་པར་བྱས་པ”་སོགས་དང་།
དེ་བཞིན་ལོ་༦༠ ནང་བོད་འཕེལ་རྒྱས་བཏང་སྟེ་བོད་མི་རིགས་ལ་ཚེ་སྲོག་གསར་པ་ཐོབ་པར་བྱས་ཚུལ་སོགས་བརྗོད་ཡོད་པ་དང་། གཞན་ཡང་དམངས་གཙོའི་བཅོས་སྒྱུར་ཟེར་བ་བཏང་རྗེས་བོད་དུ་མུན་ནག་གི་བཀས་བཀོད་རྒྱུ་འཛིན་ཞིང་བྲན་ལམ་ལུགས་མེད་པར་ཆགས་ཏེ་སྤྱི་ཚོགས་ལམ་ལུགས་གསར་པ་བཙུགས་པ་ནས། མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པ། བོད་ལ་འོད་སྟོང་གི་ལམ་བུ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་གྱིས་མཚོན་དཔལ་འབྱོར་དང་སྣོད་བཅུད་ཐམས་ཅད་ཡར་རྒྱས་བཏང་ཚུལ་སོགས་དང་། དེ་བཞིན་“ལོ་༦༠ རིང་མཐུན་སྒྲིལ་ཡར་བརྩོན་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་བློ་གཅིག་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་མི་རིགས་ཀྱི་འབྲེལ་བ་བཙུགས་ཡོད། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཡོད་ཅེས་བསྟན་ཡོད་”ཅེས་དང་།

ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་བོད་མི་རིགས་ཀྱིས་རྒྱལ་ཡོངས་མི་དམངས་མཉམ་དུ་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད་པར་བརྗོད་འདུག དེ་མིན་རྒྱབ་ཤ་དཀར་པོའི་ནང་དུ་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གདུག་རྩུབ་དང་ཀླ་ཀློ་རྗེས་ལུས་ཀྱི་ལོ་རྒྱུས་ཐེར་འདོན་བྱས་ཡོད་ཅེས་དང་། “ཏྰ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་སྔར་བཞིན་སྒྱུར་བཅོས་མི་བྱེད་མི་འདོད་པའི་ཁར་ད་དུང་ལམ་ལུགས་དེར་སྲུང་སྐྱོང་གང་ཐུབ་ཅི་ཐུབ་བྱས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་རྡོག་རོལ་བཏང་ནས་ཕྱོགས་ཡོངས་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་”ཡིན་ཚུལ། གཞན་ཡང་བོད་རྙིང་པའི་མངའ་བདག་གསུམ་ཟེར་བ་གཏོར་ཏེ་མི་དམངས་ཀྱི་སྲིད་དབང་བཙུགས་ནས་ཞིང་བྲན་ཁྲི་ཚོ་བརྒྱ་བོད་གསར་པའི་བདག་པོར་གྱུར་རབས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཆེས་རྒྱ་ཁྱབ་ཀྱི་དམངས་གཙོའི་དབང་ཆ་ལོངས་སུ་སྤྱོད་འགོ་ཚུགས་ཡོད་སྐོར་སོགས་བརྗོད་འདུག་པ་དང་། དམངས་གཙོ་བཅོས་སྒྱུར་ཟེར་བ་བཏང་ནས་བོད་ཀྱི་ཆབ་དཔལ་རིག་གསུམ་ཡར་རྒྱས་ཕྱིན་ཡོད་སྐོར། དེ་བཞིན་ཏྰ་ལའི་རུ་ཚོགས་ཀྱི་ཚབ་མཚོན་བྱེད་པའི་བོད་ཀྱི་སྟོབས་ཤུགས་རྙིང་པས་རང་གི་ཁེ་ཕན་ལ་དམིགས་ཏེ་དམངས་གཙོའི་བཅོས་སྒྱུར་དང་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་མི་ལེན་པ་ནི་དོན་དངོས་ལ་མི་ལྟོས་པའི་ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་བཤོལ་བྱས་པ་དང་ཤེས་དཔལ་དང་སྤྱི་ཚོགས་ཡར་ཐོན་ལ་ངོ་རྒོལ་བྱས་པ་ཡིན་ཚུལ་སོགས་བརྗོད་ཡོད་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་སྔོན་འགྲོ་དང་མཇུག་བསྡུའི་གཏམ་ནང་དུ། “མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས། འགོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ། མི་དམངས་ལ་རང་ཁྱིམ་རང་བདག་བྱུང་བ། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ། བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཆོས་དད་རང་མོས་འགན་ལེན་བྱས་པ། མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ། བོད་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ”སོགས་བཀོད་ཡོད་པར་གསལ་འདུག
“དེ་བཞིན་ཚེས་༢༦ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཟེར་བས་པེ་ཅིང་དུ་མཉམ་འབྲེལ་ཐོག་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ“བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60 འཁོར་བའི་རིམ་སྤེལ་དཔེ་ཚོགས”བཏོན་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུས་པའི་གནས་ཚུལ་ཡང་འདུག

གཞན་ཡང་ཉེ་ཆར་སྣང་ཆེན་བཞི་དང་དགའ་བཞི་ཟེར་བ་གྲོང་ཁྱེར་ནས་རྫོང་དང་གྲོང་གསེབ་བར་སུ་གཅིག་གིས་ཀྱང་མ་གོ་མ་ཐོས་མེད་པར་བརྒྱུད་བསྒྲགས་དགོས་པའི་བརྡ་ཁྱབ་བཀྲམ་ཡོད་ཚུལ་བརྗོད་པ་བཞིན། དེང་སང་སློབ་ཆུང་ཁག་ནང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་གླུ་གཞས་འགྲན་བསྡུར་བྱེད་བཅུག་པ་དང་གྲོང་གསེབ་ཁག་ནང་དམར་ཤོག་གི་མགོ་ཁྲིད་ཚོའི་མིང་དང་སྣང་ཆེན་བཞི་དང་དགའ་ཞེན་བཞི་སོགས་ཀྱི་གྲངས་མིང་དག་བློ་འཛིན་བྱེད་འཇུག་གི་ཡོད་པའི་སྐོར་བརྙན་ཐུང་སོགས་བརྒྱུད་ལམ་ནས་མཐོང་རྒྱུ་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༧༥༣ ཀློག་གྲངས།