མི་ཚང་གཉིས་མ་འཆམ་པའི་བརྒྱུད་རིམ་ལས་བྱུང་བ་ཞིག་རེད།

ཡིན་ན་ཡང་བགྲོ་གླེང་གཙོ་སྐྱོང་བའི་དུས་ཚོད་སྟངས་འཛིན་གྱིས་ཕྲན་ལ་གསལ་བཤད་བྱ་རྒྱུའི་གོ་སྐབས་མ་ཐོབ་པ་དང་། ལྷག་པར་དུ་གདན་དོན་འདིའི་ཐད་དོན་མེད་དགོས་མེད་ཀྱི་སྐད་ཆ་སྣ་ཚོགས་ཤིག་ང་ཚོའི་སྤྱི་ཚོགས་སུ་འབྱུང་བཞིན་འདུག་པས་གུས་པས་བརྒྱུད་ལམ་འདི་བརྒྱུད་ནས་གསལ་བཤད་ཅིག་མ་བྱས་ཐབས་མེད་བྱུང་།

དེ་ཡང་སྤྱི་འཐུས་གྲོས་ཚོགས་ནང་ཡོང་བཞིན་པའི་རྩོད་རྙོག་འདི་རིགས་ལ་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་རེད་ཅེས་བཤད་པ་འདི།   ཞིབ་ཏུ་དཔྱད་ན་འདི་མི་ཚང་གཉིས་མ་འཆམ་པའི་བརྒྱུད་རིམ་ལས་བྱུང་བ་ཞིག་ལས་ཆོལ་ཁ་ཆོས་ལུགས་ཀྱི་གནད་དོན་ཞིག་གཏན་ནས་མིན།    དེ་ཡང་བཀའ་བློན་ཁྲི་པ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་སོགས་ཆབ་སྲིད་ཀྱི་མི་སྣ་གྲགས་ཅན་འདི་དག་གིས་ཀྱང་གནད་དོན་འདིའི་ཐད།   ཕྱི་ལོ་༢༠༠༩ ལོའི་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ཀྱིས་སྦེལ་ཀོབ་ས་གནས་སུ་གསུངས་ཡོད་པ་དང་། ཕྱི་ལོ་༡༩༩༧ ཟླ་༦ ཚེས་༢༣ ཉིན་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་མཁས་དབང་ཟམ་གདོང་རིན་པོ་ཆེས་ད་ལྟ་བོད་ཀྱི་ཛ་དྲག་གི་གནས་བབས་དང་ང་ཚོའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་བ་ལས་ཤེས་ཐུབ་པས། ཐུགས་སྣང་ཡོད་མཁན་རིགས་ཡོད་ན་བོད་ཀྱི་དུས་བབ་ཞེས་པའི་བཀའ་སློབ་ཕྱོགས་སྒྲིག་དེབ་ཆུང་ཤོག་གྲངས་༡༢༣ ཤོག་ངོས་སུ་མཐོང་ཐུབ།

ཡང་གནས་ཚུལ་གཞན་ཞིག་ལ་མི་ཚང་གི་གནད་དོན་ལས་བོད་རྒྱལ་ཁབ་དང་ཆོལ་གསུམ་གཅིག་སྒྲིལ་དེ་གལ་ཆེ་གི་རེད་ཅེས་གསུངས་པ་འདི་དངོས་ཡོད་ཀྱི་གནས་ཚུལ་ཞིག་གཏན་ནས་མཐོང་མི་ཐུབ།  གལ་སྲིད་གནས་ཚུལ་འདི་བདེན་པ་ཡིན་ན་མདོ་སྟོད་ཆོལ་ཁ་འདི་ཕྱོགས་ཁག་གཉིས་སུ་གྱེས་དགོས་དོན་ཅི་ཡིན་དང་།  སྤྱི་འཐུས་གྲོས་ཚོགས་ཀྱི་རྩོད་རྙོག་འདི་མི་ཚང་གཉིས་སམ་ཡང་ན་མི་གཉིས་མ་འཆམ་པའི་བརྒྱུད་རིམ་ཞིག་ནས་བྱུང་བ་རེད་ཅེས་གསུངས་པའི་བཀའ་སློབ་འདི་ཕེབས་དགོས་དོན་གཏན་ནས་མེད།   དེ་འདྲ་སོང་ཙམ་སླད་ཕྱིན་ཆད་གནད་དོན་འདིའི་རིགས་ལ་ཐུགས་སྣང་ངེས་པར་དུ་གནང་རོགས་ཞེས་སྙིང་ཁུང་རུས་པའི་གཏིང་ནས་རེ་འབོད་ཞུ།  སེར་བྱེས་བཀྲ་ཤིས་རྒྱ་མཚོས་རྒྱ་གར་ལྷོ་ཕྱོགས་ནས།།

Share this:
༡༠༦ ཀློག་གྲངས།