དགྲ་བོ་མེད་ན་འཐབ་རྩོད་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༤   ཕྱི་ལོ་ ༢༠༡༩/༣ /༢༧

ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ལངས་ཕྱོགས་དང་བསམ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་པ་དང་། གཞི་རྩའི་ཐོག་ནས་དགྲ་བོ་རྒྱ་དམར་དྲག་པོའི་གཞུང་ལ་དགྲ་བོ་ཞེས་འབོད་མི་ཆོག་པའི་ལྟ་ཚུལ་འཛིན་མཁན་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡོང་གི་ཡོད་པ་དང་། ལྟ་ཚུལ་ཡོད་པ་ཙམ་དུ་མ་ཟད་འཛེམས་ཟོན་གང་ཡང་མེད་པར་གྲོས་ཚོགས་ནང་དུའང་དེ་ལྟ་བུ་བརྗོད་ཐུབ་པའི་ཁོར་ཡུག་ཅིག་ཆགས་ཡོད། དེའི་བརྒྱུད་རིམ་དང་རྒྱབ་ལྗོངས་གང་ལ་བརྟེན་ནས་ཡོང་གི་ཡོད་མེད་ནི་ཁ་ཚོན་བཅད་ནས་བཤད་དཀའ་ཡང་ཐེ་ཚོམ་དང་དོགས་པ་ཟ་དགོས་པའི་གནས་ཚུལ་ཞིག་ཡིན་པ་ནི་སྨྲོས་མེད་རེད། འདས་པའི་ལོ་རྒྱུས་ཐོག་ནས་དགྲ་བོ་རྒྱ་དམར་གཞུང་གིས་བོད་ལ་བཙན་གནོན་དང་གདུག་རྩུབ་དམར་གསོད་ཀྱི་བྱུང་བ་འདི་དག་སེམས་ནས་བརྗེད་ཐབས་མེད་པ་དང་། ད་ལྟའི་ཆར་ཡང་བོད་ནང་གི་གནས་སྟངས་དང་༧གོང་ས་མཆོག་ལ་སྐུར་འདེབས། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་པ་ནི་ཚང་མས་ཤེས་པས། བོད་མི་རིགས་ཀྱི་དགྲ་བོ་ངོ་མ་ནི་རྒྱ་དམར་གཞུང་ཡིན་པ་ལས་གཞན་སུ་གཅིག་མེད།

ད་དུང་བོད་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་ཁུངས་སྐྱེལ་མི་ཐུབ་ཚུལ་དང་། སྲིད་དོན་རྒྱལ་རབས་ལ་རྒྱ་དམར་གཞུང་གིས་དགག་བཞག་ལན་འདེབས་བྱས་པའི་ནང་དོན་ཁག་དངོས་བདེན་ཡིན་པ་ལྟ་བུ་བརྗོད་མཁན་ཡང་ཡོད། བོད་པའི་སྤྱི་ཚོགས་ནང་གནད་དོན་ཆུང་ཙག་ལ་བརྟེན་ནས་བྱུང་བའི་འཐེན་འཁྱེར་མང་པོ་ཡོད་པ་དང་། དེ་ལ་བརྟེན་ནས་རྩ་དོན་དང་འཐབ་རྩོད་ཀྱི་གནད་དོན་ལ་མ་ལྟོས་པར་ཤོག་ཁག་གི་ངོ་བོ་ཁོ་ན་སྲུང་སྐྱོབ་བྱེད་པའི་ལྟ་ཚུལ་ནི་ཤུགས་ཆེན་པོ་དར་ཡོད། ད་དུང་རྒྱ་དམར་གཞུང་ལ་གྲོགས་ཀྱི་འདུ་ཤེས་དང་། བོད་པ་ནང་ཁུལ་དུ་དགྲ་ཡི་འདུ་ཤེས། རྒྱ་གཞུང་གི་དཔོན་རིགས་ཁག་ལ་ངོ་རྒོལ་མི་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་གཞུང་གི་མཛད་གཙོ་བོ་དང་སྒྲིག་འཛུགས་ལ་ངོ་རྒོལ་དང་སྐུར་འདེབས་བྱེད་རྒྱུ་ལ་ཅི་མི་སྙམ་མཁན་གཅིག་རྗེས་གཉིས་མཐུད་དུ་ཡོང་གི་ཡོད་པ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གྱོང་གུད་དང་ཉམས་ཆག་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། མ་འོངས་པར་མུ་མཐུད་འདི་ལྟར་སོང་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ངུ་འདི་ཉིད་ནུས་པ་གང་ཡང་མེད་པར་འགྱུར་ངེས་རེད།

རྒྱ་དམར་གཞུང་དང་འབྲེལ་བ་ཡོད་མེད་དང་དགྲ་བོའི་མངོན་འདོད་སྒྲུབ་མཁན་སུ་ཡིན་མིན་སོགས་ད་བར་ལོ་རྒྱུས་ནང་རྩོད་རྙོག་མང་པོ་ཞིག་ཡོད་མོད། གནས་སྟངས་འདི་ལ་བལྟས་ན་དེ་དག་གི་ངོས་འཛིན་བྱེད་སྟངས་ནི་མཐར་གཏུག་ན་ཕན་ཚུན་སྣང་བར་མི་འགྲོ་བའི་མི་རྣམས་ནག་པོ་བཟོ་བའི་ལག་ཆ་ཙམ་ལས་དོན་དངོས་ལ་བསམ་བློ་གཏོང་གི་མེད་པ་ལྟ་བུ་འདུག ད་ལྟའི་ཆར་མངོན་གསལ་དོད་པོས་རྒྱ་དམར་གཞུང་དང་ལག་སྦྲེལ་བྱེད་མཁན་དོལ་རྒྱལ་ཁ་འཁྱེར་བ་ཁག་ཅིག་དང་། གཞན་ཡང་བོད་མི་ཁག་ཅིག་གིས་བྱ་སྤྱོད་ཀྱི་དངོས་ཀྱི་ཐོག་ནས་དགྲ་བོ་རྒྱ་དམར་གཞུང་གི་འདོད་དོན་སྒྲུབ་བཞིན་པའི་རྣམ་པ་མངོན་གསལ་དུ་འགྲོ་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད། ད་དུང་མ་འོངས་པར་བོད་པའི་སྤྱི་ཚོགས་ཀྱི་མི་རབས་གསར་པའི་ནང་དགྲ་བོ་རྒྱ་དམར་གཞུང་ལ་གྲོགས་ཀྱི་འདུ་ཤེས་འཛིན་པ་དང་། བོད་པ་ནང་ཁུལ་དུ་ཁ་གཏད་དང་དགྲ་ཡི་འདུ་ཤེས་འཛིན་པའི་བསམ་བློ་ཞིག་བྱུང་སོང་ན། སྤྱི་ཡོངས་ནས་འཐབ་རྩོད་དང་བོད་ཀྱི་མ་འོངས་པ་རྩ་བརླག་ཏུ་གྱུར་སོང་བ་རེད་ལ་བཙན་བྱོལ་བོད་པའི་ཉེན་ཁ་ཆེ་ཤོས་ཀྱང་འདི་རེད་སྙམ།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་དང་གོ་རྟོགས་སྤེལ་མཁན་མང་པོ་ཞིག་ཡོད་པ་དང་། དེ་ཡང་མི་མང་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཤེས་རྟོགས་ཡོང་ཐབས་བྱེད་བཞིན་ཡོད་པ་མི་འགྲིག་པ་གང་ཡང་མེད་ཀྱང་། དེ་དང་མཉམ་དུ་རྒྱ་དམར་གཞུང་དགྲ་བོ་མིན་པ་དང་། བོད་པ་ནང་ཁུལ་དུ་དགྲ་བོའི་འདུ་ཤེས་འཛིན་དགོས་པའི་སློབ་གསོ་གཏོང་གི་མེད་དམ་བསམ་པའི་དོགས་པ་འདི་ཡང་མི་བྱེད་ཀ་མེད་དུ་གྱུར་འདུག ད་དུང་བརྗོད་དགོས་པ་ཞིག་ལ་རྒྱབ་ལྗོངས་གཞན་མེད་པར་དགྲ་བོ་རྒྱ་དམར་གཞུང་ལ་དོན་དངོས་ཀྱི་ཐོག་ནས་དགྲ་བོ་མ་ཡིན་པར་གྲོགས་པོའི་འདུ་ཤེས་བརྟན་པོ་སེམས་གཏིང་དུ་འཇགས་ཡོད་མཁན་ཞིག་ཡིན་ན། ནང་པ་སངས་རྒྱས་པའི་སྟོང་དང་རྟེན་འབྱུང་གི་ལྟ་བ་ཡང་དག་པ་རྒྱུད་ལ་བརྟན་པོ་སྐྱེས་ཟིན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག གཞན་མི་རེ་ཟུང་གིས་བོད་པ་ནང་ཁུལ་དུ་དགྲ་བོའི་འདུ་ཤེས་ཤུགས་དྲག་ཡོད་བཞིན་དུ་རྒྱ་དམར་གཞུང་ལ་གྲོགས་དང་གཉེན་གྱི་འདུ་ཤེས་འཛིན་ཐུབ་ཀྱི་ཡོད་ཚུལ་ནི་ཕྱོགས་གང་ནས་བལྟས་ཀྱང་ཡིད་ཆེས་དཀའ་བ་ཞིག་ཏུ་གྱུར་ཡོད།

མདོར་ན་བོད་པའི་ཁ་རྒྱུན་དུ་ཡོད་པ་བཞིན་དགྲ་གཉེན་མགོན་གསུམ་མ་ནོར་བ་ཞིག་ངེས་པར་དུ་དགོས་པ་དང་། མཆོད་རྟེན་མགོ་མཇུག་ལོག་ཀྱང་བང་རིམ་སྐེད་ཅེས་བརྗོད་སྲོལ་ཡོད་པ་བཞིན། རྩོད་རྙོག་དང་ལྟ་ཚུལ་ག་འདྲ་ཞིག་ཡོད་ཀྱང་། དོན་དམ་པའི་དགྲ་སུ་ཡིན་མིན་དང་། གཉེན་སུ་ཡིན་མིན་དེ་ཡང་ཤེས་མ་ཐུབ་ན་མ་འོངས་པར་བོད་ཀྱི་འཐབ་རྩོད་བརླག་འགྲོ་བ་དང་། དགྲ་ལ་དགྲ་ཡི་འདུ་ཤེས་མ་བཟུང་ན་དབེན་པའི་རི་ཁྲོད་དུ་ཚེ་ཕྱི་མ་ཁོ་ན་དོན་དུ་གཉེར་དགོས་པ་ལས། མི་ཡི་སྤྱི་ཚོགས་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དུ་འཚང་ཁ་རྒྱག་དགོས་དོན་མེད་པར། བཀའ་གདམས་གོང་མའི་ཉམས་བཞེས་བཞིན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་ལེན། ཞེས་པ་ལྟ་བུའི་མན་ངག་ཟབ་མོ་དག་ལག་ལེན་དུ་འཁེལ་དགོས་པ་ལས། ཁ་གཏད་ནུས་པ་ཆེན་པོ་ཞིག་ཡིན་ན་དགྲ་བོ་རྒྱ་དམར་ཡིན་ཡང་འཚེ་མེད་ཞི་བའི་ལམ་ནས་གཉེན་དུ་བརྩི་དགོས་པ་དང་། ཁ་གཏད་ནུས་པ་ཆུང་བ་ཞིག་ཡིན་ན་བོད་པ་ནང་ཁུལ་ཡིན་ཡང་དགྲ་རུ་བརྩིས་ནས་འཚེ་མེད་ཞི་བ་བེད་སྤྱོད་གང་ཡང་མེད་པ་ཞིག་ག་ལ་ཡིན།།

 

Share this:
༦༨༣ ཀློག་གྲངས།