སཱེ་ལོ་ཝི་ཀི་ཡས་བུད་མེད་ཀྱི་སྲིད་འཛིན་ཐོག་མ་འོས་འདེམས་བྱས་འདུག

ཡུ་རོབ་སཱེ་ལོ་ཝི་ཀི་ཡ་མི་མང་གིས། རྒྱལ་ཁབ་དེའི་ཆབ་སྲིད་ཁོར་ཡུག་ནང་མི་གསར་པ་ཡིན་མཁན་ཁྲིམས་རྩོད་པ་བུད་མེད་གཅིག་ལ་འོས་གྲངས་མང་ཤོས་འཕངས་ཏེ། རྒྱལ་ཁབ་དེའི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མར་དང་ལོ་ན་ཆུང་ཤོས་དེ་འོས་འདེམས་བྱས་འདུག

ཟླ་༤ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སཱེ་ལོ་ཝི་ཀི་ཡའི་(Slovakia)གཞུང་འཛིན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིའི་ཁ་གཏད་དུ་ལངས་མཁན། ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སུ་ཛ་ནཱ་ཁེ་པུ་ཀྲོ་ཝར། སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུར། འོས་གྲངས་༥༨.༣ ཐོབ་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག དེ་ཡང་ཁོང་ནི་རྒྱལ་ཁབ་དེའི་ཆབ་སྲིད་ཁོར་ཡུག་ནང་མི་གསར་པ་ཞིག་ཡིན་ཡང་། དེ་སྔོན་ནས་ཁྲིམས་རྩོད་པའི་ལས་དོན་གཟེངས་སུ་ཐོན་པ་བྱས་ཡོད་འདུག ལོ་ན་༤༥ ཡིན་པའི་ལྕམ་སུ་ཛ་ནཱ་ཁེ་པུ་ཀྲ་ཝ་ནི་རྒྱལ་ཁབ་དེར་ཕྱི་ལོ་༡༩༩༣ ལོར་རང་བཙན་ཐོབ་ནས་བཟུང་། བུད་མེད་ཀྱི་སྲིད་འཛིན་འདེམས་ཐོན་བྱུང་བ་ཐོག་མ་ཡིན་ཁར། ལོ་ན་ཡང་ཆུང་ཤོས་དེ་ཆགས་འདུག་པས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཟོས་འདུག

གཞུང་འཛིན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་འོས་གྲངས་༤༡.༧ ཐོབ་འདུག་པ་དང་། དེ་ཡང་ལོ་སྔོན་མར་གསར་འགོད་པ་ཞིག་གིས་རྒྱལ་ཁབ་དེའི་མཐོ་རིམ་སྲིད་དོན་མི་སྣ་དང་ལྐོག་ཟ་རུལ་སུངས་བར་གྱི་གནད་དོན་ཐོག་རྟོག་ཞིབ་བྱེད་བཞིན་པའི་སྐབས་སུ་དམར་གསོད་བཏང་བའི་གནད་དོན་བྱུང་རྗེས། མི་མང་ནང་གཞུང་འཛིན་ཚོགས་པར་ཡིད་ཆེས་བརླག་མཁན་མང་དུ་ཕྱིན་ཡོད་འདུག

རྒྱལ་ཁབ་དེའི་གཞུང་འཛིན་ལམ་ལུགས་ནི་གྲོས་ཚོགས་ལམ་ལུགས་ཡིན་པས། སྲིད་འཛིན་གྱི་ལས་འགན་གཙོ་བོ་མཛད་སྒོ་ཁག་བསྐྱང་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱལ་ཁབ་ཀྱི་སྐུ་ཚབ་བྱེད་རྒྱུ། དེ་བཞིན་གྲོས་ཚོགས་ནང་མང་མོས་ཀྱི་རྒྱབ་སྐྱོར་ཡོད་པའི་སྲིད་བློན་འོས་མིར་སྲིད་འཛིན་བསྐོ་གཞག་བྱེད་རྒྱུ། ཁྲིམས་དཔོན་བསྐོ་གཞག་དང་གྲོས་ཆོད་རྣམས་ལ་མིང་རྟགས་བཀོད་རྒྱུ་བཅས་ཡིན་ཁར། སྲིད་བྱུས་གཏན་འབེབས་ཐོག་ལ་ཐད་ཀར་དབང་ཚད་མེད་པ་ཡིན་འདུག་ཀྱང་། ཐེངས་འདིར་གཞུང་འཛིན་སྲིད་དོན་ཚོགས་པའི་འོས་མིར་ཕམ་ཁ་བྱུང་ནས། བུད་མེད་ཀྱི་སྲིད་འཛིན་ཐོག་མར་འདེམས་ཐོན་བྱུང་བ་དེས། རྒྱལ་ཁབ་དེའི་ཆབ་སྲིད་ནང་གཞུང་འཛིན་ཚོགས་པར་ཁ་གཏད་ཀྱི་མི་མང་གི་བསམ་ཚུལ་དང་མངོན་འདོད་ལ་ཤུགས་རྐྱེན་ཤུགས་ཆེ་རུ་འགྲོ་བཞིན་པའི་རྣམ་པ་ཐོན་ཡོད་འདུག

འདེམས་ཐོན་བྱུང་བའི་སྲིད་འཛིན་ལྕམ་སུ་ཛ་ནཱ་ཁེ་པུ་ཀྲོ་ཝ་ཡིས། རྒྱལ་ཁབ་དེའི་ཁྲིམས་ཁང་དང་ཉེན་རྟོག་ཁང་ནས་མི་མང་ཚང་མ་འདྲ་མཉམ་བརྩི་བ་དང་། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཡར་རྒྱས་གཏོང་བ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ། མཚན་མཐུན་དགའ་རོགས་བྱེད་མཁན་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་མཁན་དང་། དེ་བཞིན་མངལ་དབྱུང་བཀག་འགོག་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༦༢ ཀློག་གྲངས།