བལ་ཡུལ་གྱི་རྫོང་གཉིས་ཀྱི་ཁོངས་སུ་ཆར་རླུང་གི་གནོད་འཚེ་ཆེན་པོ་ཕོག་འདུག

གཟའ་ཉི་མའི་མཚན་མོར་བལ་ཡུལ་ལྷོ་ཕྱོགས་ཀྱི་བྷ་ར་རྫོང་དང་པར་སཱ་རྫོང་གཉིས་ཀྱི་གྲོང་གསེབ་མང་པོ་ཞིག་ལ་ཆར་རླུང་གི་གནོད་འཚེ་ཕོག་པའི་ཁྲོད་ཁང་པ་གཏོར་བཤིག་བྱུང་བ་མ་ཟད་མི་མང་པོ་འདས་གྲོངས་དང་རྨས་སྐྱོན་བྱུང་ཡོད་འདུག
བལ་ཡུལ་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ། ཕྱི་ཟླ་༣ པའི་ཚེས་༣༡ སྟེ་ཁ་སང་མཚན་མོར་བལ་ཡུལ་ལྷོ་ཕྱོགས་རྒྱ་གར་ས་མཚམས་དང་ཉེ་བའི་ས་གནས་བྷ་ར་རྫོང་དང་པར་སཱ་རྫོང་གཉིས་ཀྱི་ཁོངས་སུ་གཏོགས་པའི་གྲོང་གསེབ་མང་པོ་ཞིག་ལ་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཡོད་པ་དང་། སྐབས་དེར་གཞུང་གི་དམག་མི་དང་ཉེན་རྟོག་པ་སོགས་ཉེན་སྐྱོབ་རུ་ཁག་ཕྱིན་ཀྱང་ཆར་རླུང་ཤུགས་ཆེ་བ་དང་གྲོང་གསེབ་ཁ་ཤས་སུ་ཤིང་སྡོང་འགྱེལ་བས་ལམ་བཀག་ནས་ཁ་ཐུག་འགྲོ་མ་ཐུབ་པའི་གནས་ཚུལ་བྱུང་འདུག དེ་རིང་སྔ་དྲོར་རྒྱལ་སྤྱིའི་གསར་ཁང་གཞན་ནས་དོན་རྐྱེན་དེའི་ཁྲོད་མི་༢༥ དང་༢༨ ཡས་མས་གྲོངས་པ་དང་མི་༤༠༠ ནས་༥༠༠ བར་རྨས་སྐྱོན་བྱུང་བ་བཅས་ཀྱི་རྗོད་ཚུལ་འདྲ་མིན་འདུག་ཀྱང་། ད་ལྟ་བལ་ཡུལ་གྱི་བརྒྱུད་ལམ་འགའ་ཤས་ནས་མི་༣༥ གྲོངས་པ་དང་མི་༦༠༠ ལ་རྨས་སྐྱོན་ཕོག་པ། ཁང་པ་བརྒྱ་ལྷག་གཏོར་སྐྱོན་ཐེབས་པ། ཟོག་འཁོར་དང་འཁོར་ཆུང་། དེ་བཞིན་སྤྱི་སྤྱོད་རླངས་འཁོར་༡༢ ལྷག་གཞུང་ལམ་ཐོག་ནས་དོན་རྐྱེན་བྱུང་བ། གཞན་ཡང་ཅ་དངོས་བཅག་པ་དང་གློག་ཀ་བསྒྱེལ་བ་སོགས་ལས་མི་མང་པོར་རྨས་སྐྱོན་ཕོག་པར་བརྟེན་རྫོང་གི་སྨན་ཁང་ནང་ནད་པ་མི་ཤོང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པར་རྗོད་ཀྱི་འདུག
མི་དེ་དག་ཕལ་ཆེ་ཤོས་ཞིང་པ་དང་སྤྱིལ་བུའི་ནང་སྡོད་མཁན་རྣམས་ཡིན་པ་དང་། དེ་དག་གི་ཤི་རྐྱེན་གཙོ་བོ་སྤྱིལ་བུ་ཞིག་པ་དང་གྱང་འགྱེལ་བ་སོགས་ཀྱི་སྐབས་སུ་དེའི་འོག་ཏུ་གནན་པ་དང་ས་ཕག་དང་ཤིང་སྡོང་མགོ་ལ་ཕོག་པ་སོགས་ཀྱི་རྐྱེན་བྱས་ནས་གྲོངས་ཡོད་པ་དང་། འོན་ཀྱང་བལ་ཡུལ་རྒྱལ་སའི་ཕྱོགས་སུ་ཆར་རླུང་ཏོག་ཙམ་བྱུང་སྟེ་གློག་ཀ་བསྒྱེལ་བ་སོགས་ཀྱི་གནས་ཚུལ་ཕྲན་བུ་བྱུང་བ་ལས་གཞན་གོད་ཆག་རིགས་ཆེན་པོ་བྱུང་མེད་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༢༣༡ ཀློག་གྲངས།