རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ཟེར་བ་ཞིག་ལྷ་སར་སྒོ་ཕྱེས་འདུག

རྒྱ་ཁྱོན་སྨི་ངོས་གྲུ་༣༥༠༠ ཙམ་ཡོད་པའི་དྲན་གསོ་ཁང་ཞིག་ཉེ་ཆར་རྒྱ་གཞུང་གིས་ལྷ་སར་གསར་བསྐྲུན་དང་སྒོ་འབྱེད་བྱས་ཡོད་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་“རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་། གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་སློབ་གསོའི་རྟེན་གཞི། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ས་ཆ་དངོས་ཀྱི་སློབ་ཁྲིད་རྟེན་གཞི་བཅས་བྱས་ནས།མང་ཚོགས་ལ་རིན་པ་མི་དགོས་པར་སྒོ་མོ་འབྱེད་རྒྱུ་ཡིན་”པར་བརྗོད་འདུག
ཟླ་འདིའི་ཚེས་༢༨ ཉིན་རྒྱ་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོ་ཟེར་བ་ཞིག་པོ་ཏ་ལའི་ཐང་ཆེན་དུ་སྲུང་བརྩི་ཞུས་འདུག་པ་དང་། དེ་ནི་༢༠༠༩ དགུའི་ཟླ་༡ པོའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལོ་རེའི་ཟླ་༣ ཚེས་༢༨ ཉིན་དྲན་གསོའི་ཉིན་མོ་གཏན་འཁེལ་བྱ་རྒྱུའི་གྲོས་ཆོད་བྱུང་བ་ཡིན་པ་རེད། སྐབས་དེར་༢༠༡༨ ལོའི་ཟླ་༡༡ ནང་འཛུགས་སྐྲུན་འགོ་བཙུགས་ཤིང་རྒྱ་ཁྱོན་སྨི་ངོས་གྲུ་༣༥༠༠ ཙམ་ཡོད་པའི་དྲན་གསོ་ཞིག་སྒོ་འབྱེད་བྱས་ཡོད་པ་དང་། དེའི་ནང་དུ་“འགོ་ཚུགས་བར་ཁྱམས”དང་“བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་” ཞེས་པ།“ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པ” དང་“དམངས་གཙོའི་བཅོས་སྒྱུར།” དེ་བཞིན་“སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ”དང “སྤོབས་སེམས་ཆེན་པོས་དུས་རབས་གསར་པར་སྐྱོད”ཟེར་བ་བཅས་ཆ་ཤས་ཆེན་པོ་ཁག་དྲུག་ཚུད་ཡོད་པར་བརྗོད་འདུགགཞན་ཡང་“རྩ་ཆེའི་ལོ་རྒྱུས་ཡིག་ཚགས་165དང་། ལོ་རྒྱུས་ཀྱི་བདེན་དཔང་དངོས་པོ་299 གསོན་ཉམས་དོད་པའི་པར་རིས་331དང་དངོས་ལྗོངས་ཆེ་གྲས་4སོགས་འགྲེམས་སྟོན་བྱས་ཡོད”ཟེར། དྲན་གསོ་ཁང་དེའི་གྲབས་འཛུགས་གཞུང་དོན་ཁང་གི་འགན་འཁུར་བ་ཆུང་ཚེ་རིང་ཟེར་བ་ཞིག་གིས་དྲན་གསོ་ཁང་དེ་འཛུགས་དོན་སྐོར་བརྗོད་དོན། “བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་རླབས་ཆེན་མེས་རྒྱལ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པ་དང་། ཆེས་མུན་ནག་དང་། ཆེས་རྗེས་ལུས།ཆེས་ཀླ་ཀློ་བཅས་ཀྱི་བོད་རྙིང་པ་ཁྱོན་ཡོངས་དང་གནད་ལ་འཁེལ་པོས་འཛམ་གླིང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཡུལ་དུ་བཤམས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་རླབས་ཆེན་འཕོ་འགྱུར་འཛམ་གླིང་སྐྱེ་བོར་སྟོན་ཆེད་ཡིན་”ཞེས་ཁོས་བརྗོད་ཡོད་པ་རེད།

དྲན་གསོ་ཁང་དེ་ནི་གཞོན་ནུ་ལོ་ཆུང་དང་གཞུང་གི་ལས་བྱེད། དེ་བཞིན་མང་ཚོགས་སོགས་ལ་བོད་རྙིང་པ་ཟེར་བ་ཞིག་སྡུག་རབས་ངན་ཚུལ་གྱི་དྲིལ་བསྒྲགས་བྱེད་ས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ས་གཙོ་བོ་ཞིག་ཡིན་པ་དང་། ལྷོ་ཁ་སོགས་སུ་དེ་འདྲ་བ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་སའི་རྟེན་གཞི་མང་པོ་ཡོད་པ་རེད། རྒྱལ་གཅེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་ཉིན་མོ་ཟེར་བ་སྲུང་བརྩི་ཞུས་པའི་སྔ་ཕྱིར་བོད་རྙིང་པ་དང་དམངས་གཙོ་བཅོས་སྒྱུར་གྱི་བརྗོད་བྱའི་ཐོག་མི་ཁ་ཤས་ཀྱི་མདུན་ནས་གྲ་སྒྲིག་ཡོད་པའི་བཅར་འདྲི་བྱས་ཏེ་མི་མང་གི་ཚབ་མཚོན་ཚུལ་དང་། དེ་མིན་ཁ་ཕྲལ་བ་ཟེར་བའི་དཔྱད་གཏམ་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱིས་བོད་ལྗོངས་བདེ་སྐྱིད་བསྐྲུན་ཡོད་པའི་དྲིལ་བསྒྲགས་བཅས་ད་ཆར་མཚམས་མེད་པར་རྒྱ་གཞུང་དང་འབྲེལ་བའི་བརྒྱུད་ལམ་ཡོངས་ནས་རྒྱ་བོད་དབྱིན་གསུམ་ཐོག་ནས་སྤེལ་གྱི་ཡོད་རུང་། གྲོང་གསེབ་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་འོག་བོད་ཀྱི་ས་ཆ་མང་པོ་ཞིག་ལ་བོད་ཀྱི་འཚོ་རྟེན་ངོ་མ་སྒོ་ཕྱུགས་དང་ས་ཞིང་བརླགས་དང་རླག་བཞིན་ཡོད་པ་དང་། དུས་ཚོད་ཚད་བཀག་རང་བཞིན་ཅན་གྱི་དབྱར་རྩྭ་དགུན་འབུ་འདི་འགྱུར་ལྡོག་ཅིག་སོང་ན་ཡོད་ཚད་ཚར་འགྲོ་བའི་སེམས་ཁྲལ་བྱེད་མཁན་མང་དུ་རེད་འདུག་ལ།  མི་མང་རྣམས་ཀྱི་གདོང་ལས་བཅོས་མའི་འཛུམ་ཞིག་སྟོན་གྱི་ཡོད་ཀྱང་བཤད་དབང་མེད་པར་ཁ་ལ་ཚོད་འཛིན་ཡོད་པ་དང་འགྲོ་དབང་མེད་པར་རང་གནས་གཅིག་པུར་འདུག་དགོས་པའམ་རྒྱུན་དུ་འགྲོ་མཁས་སྡོད་ཚུགས་ཀྱི་གཟབ་གཟབ་བྱེད་དགོས་པའི་སེམས་ནང་ནས་ཡལ་དུས་མེད་པའི་འཇིགས་སྣང་དེས་རྒྱ་ནག་གཞུང་འབྲེལ་གྱི་དྲིལ་བསྒྲགས་ནང་གི་བདེ་སྐྱིད་ལྟ་བུ་ཞིག་མེད་པ་ཡིན་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༥༨༦ ཀློག་གྲངས།