འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་རྒྱ་ནག་གིས་སྡིགས་བསྐུལ་བྱས་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ། རྒྱལ་ཁབ་ཁག་གི་སྐུ་ཚབ་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ལ། རྒྱ་ནག་གཞུང་གིས་གནོན་ཤུགས་དང་སྡིགས་བསྐུལ་བྱས་ཏེ། རྒྱ་ནག་ལ་ཁ་གཏད་ཀྱི་སྐད་ཆ་མི་བཤད་པ་དང་། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཚོགས་འདུ་ལ་མཉམ་ཞུགས་བྱེད་དུ་མ་བཅུག་པ་སོགས་བྱས་པའི་གནས་ཚུལ་དང་དཔང་རྟགས་ཕྱིར་ཐོན་འདུག

ཟླ་༤ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༢ པའི་ཚེས་༢༥ ནས་ཟླ་༣ པའི་ཚེས་༢༢ བར། སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་ཡོད་པ་དང་། སྐབས་དེར་ཟླ་༣ པའི་ཚེས་༡༣ ཉིན་ཨ་རིས་ལྷན་ཚོགས་ཀྱི་ཟུར་དུ་རྒྱ་ནག་གིས་ཡུ་གུར་ཁ་ཆེ་དང་ཁ་ཆེའི་མི་རིགས་གཞན་ཐོག་སྲིད་བྱུས་འཛིན་སྟངས་དང་བྱ་འགུལ་སྤེལ་སྟངས་ཐོག་གི་ཚོགས་འདུ་ཞིག་བསྐོངས་ཡོད་པ་རེད། ཚོགས་འདུ་འདི་མ་འཚོག་པའི་སྔོན་དུ། སུད་སི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་ཁུངས་སུ་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ཀྱིས། རྒྱལ་ཁབ་ཁག་གི་སྐུ་ཚབ་མང་པོ་ཞིག་ལ་ཡི་གེ་བསྐུར་ནས། ཚོགས་འདུ་འདི་ནི་དཔང་རྟགས་མེད་པའི་ཉེས་འཛུགས་ལ་གཞི་བཞག་ནས། ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་རྒྱ་ནག་ལ་ཁ་གཏད་དང་རྒྱ་ནག་གི་རྒྱལ་ནང་ལས་དོན་ལ་ཐེ་བྱུས། དེ་བཞིན་གདོང་ཐུག་རྒྱུད་བསྐུལ་བྱེད་ཆེད་ཡིན་ཁར། དེ་ནི་མཉམ་འབྲེལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས། མཉམ་ལས་དང་གྲོས་མོལ་གྱི་ལྟ་གྲུབ་དང་འགལ་གྱི་ཡོད་པས། རྒྱ་ནག་གིས་ཨ་རིའི་ལས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པས། རྒྱ་ནག་དང་རྒྱལ་ཁབ་དེ་དག་གི་འབྲེལ་ལམ་དང་མཉམ་ལས་ཀྱི་ཁེ་ཕན་ཆེད་དུ། ཨ་རིས་གོ་སྒྲིག་བྱེད་རྒྱུ་ཡིན་པའི་ཚོགས་འདུ་དེ་གོ་སྒྲིག་བྱེད་པའམ། མཉམ་ཞུགས་བྱེད་པ་སོགས་མི་བྱེད་པའི་རེ་སྐུལ་བྱེད་ཀྱི་ཡོད་པ། དེ་བཞིན་གོ་སྐབས་འདི་བརྒྱུད་ནས་སྔོན་ཚུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ལྟ་སྐྱོང་ཚད་མཐོ་བྱེད་རྒྱུ་ཁས་ལེན་བྱེད་ཀྱི་ཡོད་ཅེས་བྲིས་ཡོད་འདུག

ཡི་གེ་འདི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པར་ལག་སོན་བྱུང་ཡོད་ཁར། མཉམ་འབྲེལ་རྒྱལ་ཁབ་ཀྱི་སྐུ་ཚབ་ཁག་ཅིག་གིས་ཁོང་ཚོའི་ལས་ཁུངས་སུ་ཚོགས་འདུ་དེའི་སྔོན་དུ་ཡི་གེ་འདི་འདྲ་སླེབས་པ་ཁས་ལེན་བྱས་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྡིགས་བསྐུལ་དེ་རིགས་ལ་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གིས་ཡུ་གུར་ཁ་ཆེ་བ་དང་ཁ་ཆེ་མི་རིགས་གཞན་རྣམས་ལ་བྱ་འགུལ་སྤེལ་སྟངས་ཐད། རྒྱལ་སྤྱིའི་མི་མང་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན་རྒྱ་ནག་སེམས་འཚབ་བྱུང་ཡོད་པ་དང་། རྒྱ་ནག་གིས་སྤྱི་སྒེར་གཉིས་ཐོག་ནས་གནོན་ཤུགས་སྤྲད་ནས་རྒྱལ་སྤྱིའི་ཐོག་ནས་གནད་དོན་དེའི་ཐོད་བྱ་འགུལ་འགོག་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག རྒྱ་ནག་གི་སྐུ་ཚབ་ཀྱིས་གནས་ཚུལ་དེའི་ཐོག་བརྒྱུད་ལམ་ཁག་ཏུ་ཡ་ལན་གང་ཡང་བྱས་མི་འདུག

དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་སྐུ་ཚབ་ཀྱིས། ཟླ་༣ པའི་ཚེས་༡༥ ཉིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཉིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་གི་བསྐྱར་ཞིབ་སྐབས། རྒྱ་ནག་གིས་སྐུ་ཚབ་རྣམས་ལ་རྒྱ་ནག་གི་ཚབ་བྱས་ཏེ་སྐད་ཆ་བཟང་བ་བཤད་དགོས་པའི་གནོན་ཤུགས་སྤྲད་ཡོད་སྐོར་བརྗོད་འདུག མིང་འདོན་བྱེད་འདོད་མེད་པའི་སྐུ་ཚབ་གཅིག་གིས་རྒྱ་ནག་གིས་ཚོགས་འདུ་སྟངས་འཛིན་དང་དེའི་ཐོག་འཁྲབ་སྟོན་གཉིས་ཀ་གང་ཡོང་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ལ་མཇུག་བསྡོམས་ཀྱི་གཏམ་བཤད་སྐར་མ་༢༠ རེ་སྤྲོད་ཀྱི་ཡོད་པའི་ཐོག རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཡོད་པའི་རྒྱལ་ཁབ་རྣམས་ལ་གོ་སྐབས་ཐོབ་ཐབས་ཆེད་དུ་མངགས་ནས་འབད་བརྩོན་བྱས་ཡོད་པ་རེད། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཏམ་བཤད་བྱེད་འདོད་པའི་རྒྱལ་ཁབ་༡༠༠ ལས་༡༣ ལ་གོ་སྐབས་སྤྲད་ཡོད་ཁར། སྐབས་དེར་ཐོག་མར་རྒྱན་འཕངས་ནས་མཱ་ལི་ལ་གོ་སྐབས་སྤྲད་ཡོད་པ་དང་། དེའི་རྗེས་སུ་དབྱིན་ཡིག་གི་གསལ་བྱེད་གོ་རིམ་བཞིན་རྒྱལ་ཁབ་ཁག་གི་མིང་འདོན་བྱས་ཏེ་གོ་སྐབས་སྤྲད་ཡོད་པས། རྒྱ་ནག་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་བྱང་ཨ་རི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་གོ་སྐབས་ཐོབ་མེད་ཁར། ནོར་ཝེ་རྒྱལ་ཁབ་གཅིག་པུར་གོ་སྐབས་ཐོབ་ནས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་སྐད་ཆ་བཤད་ཐུབ་ཡོད་འདུག དེ་བཞིན་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་༡༠ ལ་གོ་སྐབས་སྤྲད་ཡོད་པའི་ཁོངས་ནས། རྒྱ་ནག་ལ་བསྟོད་བསྔགས་བྱེད་མཁན་ཚོགས་པ་དྲུག་ལ་གོ་སྐབས་ཐོབ་འདུག

མིང་འདོན་བྱེད་འདོད་མེད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་བྱེད་གཅིག་གིས། རྒྱལ་ཁབ་ཁག་གི་གཞུང་གིས་སོ་སོར་སྐྱོན་བརྗོད་བྱེད་མཁན་རྣམས་ཁ་འགོག་ཐབས་བྱེད་པའི་གནས་ཚུལ་མང་པོ་བྱུང་གི་ཡོད་ཀྱང་། རྒྱ་ནག་གིས་ལྷན་ཚོགས་སྐབས་སུ་མཉམ་ཞུགས་བྱེད་མཁན་ཁག་ལ་ཆ་འཇོག་བྱེད་མི་རུང་བའི་སྐྱོན་བརྗོད་མང་པོ་བྱེད་ཀྱི་ཡོད་སྐོར་དང་། ཐེངས་འདིའི་ལྷན་ཚོགས་ཚགས་ཚུད་བྱུང་མེད་པ་ཁས་ལེན་བྱས་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱུན་གཏན་འགྲོ་གྲོན་སྔོན་རྩིས་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་འཛམ་གླིང་ནང་ཞི་བདེ་སྲུང་སྐྱོབ་ཀྱི་ལས་དོན་གྱི་འགྲོ་གྲོན་སྔོན་རྩིས་གཉིས་ལ། དངུལ་སྤྲོད་མཁན་མང་ཤོས་གཉིས་པ་དེ་ཡིན་པས། མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་དོན་ཐོག་རྒྱ་ནག་གི་དབང་ཚད་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་དུ་ཡང་། མཉམ་འབྲེལ་རྒྱལ་ཁབ་ཏུ་རྒྱ་ནག་གིས་གནོན་ཤུགས་ཆེན་པོ་སྤྲད་ནས་བོད་ཀྱི་གནད་དོན་འགོག་ཐབས་བྱེད་བཞིན་པར་ཕར་རྒོལ་བྱེད་དགོས་པའི་གླེང་སློང་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༦༥༩ ཀློག་གྲངས།