བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད།

ང་ཚོ་ནང་ཁུལ་ཙག་ཙིག་དེ་འདྲ་ལ་མགོ་འཁོར་མ་བསྡད་པར་༧རྒྱལ་བ་རིན་པོ་ཆེས་ད་བར་གསོ་སྐྱོང་གནང་བའི་བཀའ་དྲིན་དྲན་ཞིང་། ལོ་ངོ་༦༠ རིང་སྦྱངས་བཞག་པ་དག་གི་སྨྱུ་གུའི་དཔའ་རྩལ་འདོན་རན་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་འཁྱོག་བཤད་ལོག་བཤད་བྱས་པ་དང་། བོད་མི་ལ་གཞི་མེད་སྐྱོན་འཛུགས་བྱས་བཞག་པ་དེ་དག་ལ་ལན་འདེབས་བྱེད་དགོས་སྐོར་དགའ་ལྡན་གྲྭ་བག་གྲོས་གསུངས་སོང་།
ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས་རྩོམ་སྒྲིག་གནང་བའི་བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དེ་བཞིན་ཉམས་ཞིབ་པ་ཁག་ཅིག་བཅས་འཛོམས་འདུག
ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོས་ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་བསྒྲིགས་ཀྱི་དེབ་འདིའི་ཆེད་དུ་མི་ལོ་གསུམ་གྱི་རིང་དཀའ་ལས་བརྒྱབ་པའི་སྐོར་དང་། ཨ་མི་རི་ཀའི་ཡུལ་སྐོར་སྤྲོ་འཆམ་པ་གཉིས་ཀྱིས་ཁོང་ལ་༧གོང་ས་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་ཅིག་བྱིན་པ་ནས་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་ལུང་པ་ཞིག་ཡིན་པར་ཤེས་པ་སོགས་ཆབ་སྲིད་ཀྱི་གོ་རྟོགས་དང་པོ་རྙེད་ཚུལ། བོད་རང་བཙན་དང་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པའི་ཆེད་རྗེ་ཙོང་ཁ་པ་དང་སྲུང་མ་དམ་ཅན་ཆོས་རྒྱལ་མདུན་དུ་དམ་བཅའ་བཞག་ནས་ལས་འགུལ་བརྩམས་པ་དང་། དེ་བཞིན་༡༩༨༧ ཟླ་༣ ཚེས་༥ ལ་དངོས་སུ་ལས་འགུལ་སྤེལ་སྐབས་རྐང་པར་མེ་མདའ་ཕོག་རྗེས་ཁྱིམ་ནས་འཛིན་བཟུང་གིས་ལོ་༣ རིང་བཙོན་དུ་བཅུག་ནས་སྲོག་ཐོག་གི་ཐག་བཅད་ཚུལ།
མཐར་རྒྱ་མིས་ནད་བཅོས་ཆེད་གློད་གྲོལ་གཏོང་སྐབས་བོད་མི་འགས་སྒོར་མོ་བཏང་ནས་རྒྱ་གར་དུ་འགྲོ་དགོས་ཚུལ་ལབ་པ་བཞིན་ཨ་མ་དང་ཆེས་ཐ་མའི་ཐུག་འཕྲད་བྱས་ཏེ་རྒྱ་གར་དུ་བྲོས་བྱོལ་ཡོང་ཞིང་། ༧གོང་ས་མཆོག་གིས་ཁོང་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་ཧ་གོ་བ་དང་ཉམས་མྱོང་བསགས་པ་སོགས་ལོ་རྒྱུས་ཀྱི་དཔེ་དེབ་བསྒྲིགས་ཐུབ་པ་ཡིན་ན་དེ་ནི་དྲག་པོའི་ལམ་ལས་སྟོབས་ཆེ་སྐོར་བཀའ་སློབ་གནང་རྗེས། ཁོང་གིས་དེབ་བཅོ་ལྔ་རྩོམ་སྒྲིག་གནང་བའི་སྐོར་སོགས་གསུངས་པ་དང་། ལོ་རྒྱུས་ཀྱི་དེབ་དག་རྩོམ་སྒྲིག་གནང་དགོས་པའི་རྒྱུ་མཚན་གཞན་ཁ་ཤས་ཡོད་པ་ནི།  ༡༩༩༧ ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིར་གཏམ་བཤད་གནང་བར་སྐད་གཏོང་སྐབས། མི་ནི་སོ་ཏྲའི་འཁྲིས་སུ་ཡོད་པའི་མཐོ་སློབ་སྐད་གྲགས་ཆེ་བ་ཞིག་གི་ནང་དུ་སྐད་ཆ་བཤད་ཡོད་པ་དང་། སྐབས་དེར་རྒྱ་མིའི་སློབ་ཕྲུག་༤༠ ལྷག་གིས་སྐད་ཆ་བཤད་སའི་ཚོགས་ཁང་ནང་ངོ་རྒོལ་བརྒྱབ་སྟེ་སྐད་ཆ་བཤད་སའི་སྒྲོག་ཙེའི་སྒང་ལ་རྐུབ་སྟེགས་བཞག་ནས་ཁ་པར་འཕྲོགས། བོད་འདི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་རབས་དང་བོད་རང་བཙན་ཡིན་པའི་དཔང་རྟགས་སྟོན་ཤོག་ཟེར་བ་སོགས་ཀྱིས་མཐའ་བཀར་སྟབས། ཁོང་གིས་མིག་མཐོང་ལག་ཟིན་བྱུང་བའི་སྐད་ཆ་དེ་དག་སེམས་ལ་བཞག་སྟེ་བོད་འདི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་མ་ཡིན་པ་དེ་ཡིག་ཚགས་དང་པར་རིས་ཕྱོགས་བསྒྲིགས་བྱས་ནས་ཁྱེད་རང་ཚོ་མ་ཤི་བའི་སྔོན་དུ་ངས་འཛམ་བུ་གླིང་ལ་བཏོན་རྒྱུ་ཡིན་ཞེས་རྒྱ་མི་ཚོ་ལ་ལན་འདེབས་གནང་སྟེ་དམ་བཅའ་བཞག་པ་དང་། དེ་མིན་རྒྱ་མིས་རྒྱབ་ཤ་དཀར་པོའི་དེབ་ཟེར་བ་རིམ་པས་བཏོན་པ་དང་ལོ་གསུམ་གྱི་སྔོན་ནས་གློག་བརྙན་གྱི་ལམ་ནས་རྒྱ་མིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་བྱས་པ་དང་། སུམ་ལའི་ཆིངས་ཡིག ༡༩༤༧ པའི་ཚོགས་ཆེན། ཞྭ་སྒབ་པའི་ཕྱི་སྐྱོད་ལག་ཁྱེར་སོགས་ལ་འཁྱོག་བཤད་ལོག་བཤད་བྱས་པའི་གློག་བརྙན་དེ་འདྲའི་མང་པོ་ཞིག་བཟོས་ཡོད་པས། ཁོང་གིས་དེ་བས་ཀྱང་དེབ་དེ་འདྲ་ཞིག་བཟོས་ཏེ་ལྟད་མོ་དེ་དག་ལ་ལན་རྒྱག་དགོས་བསམས་ནས་ལོ་མང་རིང་དཀའ་ལས་བརྒྱབ་སྟེ་དེབ་དེ་དག་བྲིས་པ་ཡིན་སྐོར་དང་། མུ་མཐུད་དུ་ཁོང་གིས་ང་ཚོ་ནང་ཁུལ་ཙག་ཙིག་དེ་འདྲ་ལ་མགོ་འཁོར་མ་བསྡད་པར་༧རྒྱལ་བ་རིན་པོ་ཆེས་གསོ་སྐྱོང་གནང་བ་དང་ལོ་༦༠ རིང་སྦྱངས་བཞག་པ་དག་གི་སྨྱུ་གུའི་དཔའ་རྩལ་འདོན་རན་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་འཁྱོག་བཤད་ལོག་བཤད་བྱས་པ་དང་། བོད་མི་ལ་གཞི་མེད་སྐྱོན་འཛུགས་བྱས་བཞག་པ་དེ་དག་ལ་ལན་འདེབས་བྱེད་དགོས་སྐོར་གསུངས་སོང་། དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ཁོང་ལྟ་བུ་ག་དུས་ཡིན་ཡང་བསམ་རྒྱུ་ལས་རྒྱུ་ག་རེ་ཡིན་ཡང་བོད་དོན་རང་གི་ཆེད་དུ་གནང་གི་ཡོད་ཚུལ་དང་། དེབ་བཅོ་ལྔ་འདི་དག་སྒྲིག་འཛུགས་ཤིག་གིས་བྱས་པ་མིན་པར་གང་ཟག་སྒེར་ཞིག་གིས་དཀའ་ལས་བརྒྱབ་ནས་བྱུང་བ་ཞིག་ཡིན་པ་དང་། ལྷག་ཏུ་དེ་རིང་གི་དེབ་འདིའི་ནང་ལ་མཚོན་ན་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་གཙང་མ་ཡིན་པ་དང་དེ་ཡང་རང་བཙན་གཙང་མ་རེད་ཅེས་ཁ་ནས་ལབ་པ་ཙམ་མ་ཡིན་པར་དོན་དམ་གྱི་སྒྲུབ་བྱེད་བཀོད་ནས། ང་རང་ཚོ་ལ་ཐུན་མོང་མ་ཡིན་པའི་རྒྱལ་རྟགས་ཡོད་པ། ལོ་རྒྱུས་ཡོད་པ། རྒྱལ་དར་ཡོད་པ། དམག་མི་ཡོད་པ། སྦྲགས་ཐམ་ཡོད་པ། གནའ་བོའི་ཤུལ་རྫས་ཁག་གི་པར་རིས་ཡོད་པ། བོད་རང་བཙན་ཡོད་པའི་སྐབས་སུ་རྒྱལ་ཁབ་གང་དང་གང་ལ་ཆིངས་ཡིག་བཞག་པ། ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ག་བ་ག་བ་ཡི་གེ་བཏང་བ་ལ་སོགས་པ་གནས་ཚུལ་མང་པོ་ཞིག་ལོ་ངོ་གསུམ་གྱི་རིང་དཀའ་ལས་བརྒྱབ་ནས་ཕྱོགས་བསྒྲིགས་གནང་བཞག་པ་ཞིག་ཆགས་ཀྱི་ཡོད་པས། སྒྲིག་འཛུགས་མིན་པའི་གང་ཟག་སྒེར་ཞིག་གིས་ཕྱག་ལས་དེ་ལྟར་གནང་དགོས་ན་དཀའ་ལས་ཞེ་དྲག་ཡོད་ཀྱང་རང་གི་དམ་བཅའ་དེ་བློས་མ་བཏང་བར་འདི་ལྟར་གནང་བཞག་པ་དེ་ལེགས་གསོལ་བསྔགས་བརྗོད་ཞུ་ཡི་ཡོད་པ། དེ་བཞིན་དེབ་འདི་སྣ་ཁ་འཛོམས་པོ་ཡོད་པ་དང་མ་འོངས་པའི་མི་རབས་ཀྱི་ཆེད་དུ་གཅིག་པུ་མིན་པར་ད་ལྟར་བལྟས་ཀྱང་པར་རིས་ལས་སྔོན་ཆད་གང་ཡིན་པ་ཕྱོགས་ཙམ་ཤེས་པའི་ཕན་ཐོགས་ཡོད་ཚུལ། གཞན་ཡང་ཁོང་གིས་སྔོན་ཆད་ཕྱག་ལས་ཧུར་ཐག་གནང་བ་བཞིན་མུ་མཐུད་གནང་རྒྱུའི་རེ་བ་ཡོད་སྐོར་སོགས་གསུངས་སོང་།
ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ནི་༡༩༧༠ ཐམ་པའི་ལོར་ལྷ་སའི་ཉེ་འགྲམ་སྟག་རྩེ་རྫོང་དུ་སྐུ་འཁྲུངས་ཡོད་པ་དང་། ༡༩༨༦ ལོར་དགའ་ལྡན་དགོན་དུ་ཆོས་ཞུགས་གནང་། ༡༩༨༨ ཟླ་༣ ཚེས་༥ ལྷ་སའི་ཆོ་འཕྲུལ་སྨོན་ལམ་སྐབས་སུ་དགའ་ལྡན་དགོན་པའི་གྲྭ་དམངས་ཀྱིས་སྣེ་ཁྲིད་ཅིང་བོད་རང་བཙན་དགོས་པའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་སྟེ་ཞབས་ལ་མེ་མདའ་ཕོག་ཡོད་པ་དང་། ༡༩༨༨ ཟླ་༤ ཚེས་༡༨ ལ་ཁྱིམ་ནས་རྒྱ་དམར་གྱིས་འཛིན་བཟུང་བྱས་ཏེ་གྲྭ་བཞི་དང་ལྷན་དུ་དགུ་རྩ་བཙོན་ཁང་ལ་ལོ་༣ རིང་བཙོན་འཇུག་བྱས་འདུག་པ་དང་། ༡༩༩༡ ལོའི་ཟླ་༤ ཚེས་༡༧ ཉིན་བཙོན་ཁང་ནས་སྨན་བཅོས་ཆེད་གློད་གྲོལ་ཐོབ་པས། ལོ་དེར་རྒྱ་གར་དུ་བཙན་བྱོལ་ཕེབས་ཡོད་པ་རེད།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༤༢༩ ཀློག་གྲངས།