ངོ་དེབ་ཀྱིས་རྒྱ་གར་གྱི་འོས་བསྡུའི་སྐབས་གནས་ཚུལ་རྫུན་མ་ཁྱབ་སྤེལ་འགོག་ཐབས་བྱེད་བཞིན་འདུག

རྒྱལ་སྤྱིའི་ནང་སྤྱི་ཚོགས་དྲ་ལམ་ཆེ་ཤོས་ངོ་དེབ་ཀྱིས་ཚོང་ལས་ཁང་དེའི་མཉེན་ཆས་ཁག་གི་ཐོག་གནས་ཚུལ་རྫུན་མ་ཁྱབ་སྤེལ་འགོག་ཐབས་བྱེད་བཞིན་པ་ལྟར། འཛམ་གླིང་ནང་གི་མང་གཙོ་ཆེ་ཤོས་རྒྱ་གར་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་ཉེ་བས། ཚོང་ལས་ཁང་དེའི་ངོ་དེབ་དྲ་ལམ་དང་ཝ་ཛེ་ཨེབ་འཕྲིན་ཐུང་མཉེན་ཆས་སོགས་ཀྱི་ནང་དུ་གནས་ཚུལ་རྫུན་མ་ཁྱབ་སྤེལ་འགོག་ཐབས་ཀྱི་ལས་གཞི་འགོ་བཙུགས་ཟིན་ཡོད་འདུག

དེ་ཡང་ཟླ་༤ པའི་ཚེས་༡༡ ནས་རྒྱ་གར་གྱི་རྒྱལ་ཡོངས་ཀྱི་གྲོས་ཚོགས་འོས་བསྡུའི་རིམ་པ་དང་པོ་འགོ་འཛུགས་རྒྱུ་ཡིན་པ་དང་། ཟླ་༥ པའི་ཚེས་༡༩ ལ་འོས་བསྡུའི་རིམ་པ་མཐའ་མ་དེ་མཇུག་བསྒྲིལ་རྒྱུ་ཡིན་པས། ཟླ་བ་གཅིག་ལས་མང་བའི་དུས་ཡུན་དེའི་རིང་། འོས་བསྡུར་ཤུགས་རྐྱེན་གཏོང་བའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་འགྲོ་རྒྱུ་ལས་སླ་པོ་ཡིན་པ་དང་། དེང་གི་ཆར་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་ཡུལ་ལས་སླ་ཤོས་དང་མྱུར་ཤོས་ནི་སྤྱི་ཚོགས་དྲ་ལམ་ཡིན་པས། རྒྱལ་སྤྱིའི་ནང་གི་སྤྱི་ཚོགས་དྲ་ལམ་གྱི་ཚོང་ལས་ཁང་ཆེ་ཤོས་ངོ་དེབ་ཚོང་ལས་ཁང་གིས། ངོ་དེབ་དྲ་ལམ་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་དྲ་ཁང་དང་ངོ་ཤོག་མང་པོ་ཞིག་ཕྱིར་འཐེན་བྱས་ཡོད་ཁར། ཚོང་ལས་ཁང་དེའི་འཕྲིན་ཐུང་མཉེན་ཆས་ཝ་ཛེ་ཨེབ་ཐོག་ཏུ། གནས་ཚུལ་རྫུན་མ་ཡིན་མིན་ཞིབ་འཇུག་བྱེད་རྒྱུ་ཡོད་པའི་ཆ་རྐྱེན་ཡང་བསྐྲུན་འདུག

ཟླ་༤ པའི་ཚེས་༡ ཉིན་ངོ་དེབ་ཚོང་ལས་ཁང་གིས་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་གཙོ་བོ་ཀཱོང་རེ་སཱི་དང་འབྲེལ་བ་ཡོད་པའི་ངོ་དེབ་ཀྱི་དྲ་ཁང་དང་ངོས་ཤོག་༦༨༧ དྲ་ལམ་དེ་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཞིབ་འཇུག་བྱས་པ་བརྒྱུད་མི་ཁག་ཅིག་གིས་དྲ་ཁང་རྫུན་མ་བཟོས་ནས། དྲ་ལམ་གྱི་ཚོགས་པ་ཁག་ཏུ་འཛུལ་ཏེ་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་དང་། མི་དེ་དག་གིས་སོ་སོའི་ངོས་འཛིན་སྦས་ཐབས་བྱས་ཡོད་ཀྱང་། ཞིབ་འཇུག་བརྒྱུད་དེ་དག་ཚང་མ་ཕྱོགས་འགལ་ཚོགས་པ་གཙོ་བོ་ཀཱོང་རེ་སིའི་བརྡ་འཕྲིན་འཕྲུལ་ལས་ཚན་པ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་གྱི་གསལ་བསྒྲགས་སྤེལ་འདུག དེ་བཞིན་ངོ་དེབ་ཚོང་ལས་ཁང་གིས་གཞུང་འཛིན་ཚོགས་པ་བྷི་ཇི་བྷི་དང་འབྲེལ་བའི་གནས་ཚུལ་ཁྱབ་སྤེལ་བྱེད་ཀྱི་ཡོད་ཁར། ཀཱོང་རེ་སཱི་ཚུད་པའི་ཕྱོགས་འགལ་ཚོགས་པས་ལས་དོན་ངན་པ་སྤེལ་བའི་གནས་ཚུལ་རྫུན་མ་སྤེལ་མཁན་གྱི་ངོ་དེབ་དྲ་ཁང་༡༥ ཕྱིར་འཐེན་བྱས་ཡོད་འདུག དྲ་ཁང་དེ་དག་ནི་རྒྱ་གར་གྱི་བརྡ་འཕྲིན་འཕྲུལ་ལས་ཀྱི་ཚོང་ལས་ཁང་ཞིག་དང་འབྲེལ་བ་ཡོད་པ་ཡིན་འདུག དེའི་ཐོག་ངོ་དེབ་ཀྱི་སྒྲིག་གཞི་དང་ལྟ་བ་མ་མཐུན་པའི་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་མཁན་ངོ་དེབ་དྲ་ཁང་༩༤ དང་ངོ་དེབ་ཤོག་ངོས་༢༢༧ ཕྱིར་འཐེན་བྱས་ཡོད་འདུག

ཕྱི་ལོ་༢༠༡༨ ལོའི་གྲངས་ཐོ་ལ་གཞིགས་ན་རྒྱ་གར་ནང་ངོ་དེབ་དྲ་ལམ་བཀོལ་སྤྱོད་བྱེད་མཁན་མི་ས་ཡ་༢༨༡ ལྷག་ཡོད་འདུག་པས། ངོ་དེབ་སྟེང་གི་གནས་ཚུལ་རྫུན་མ་རྣམས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་འདུག དེ་བཞིན་ངོ་དེབ་ཚོང་ལས་ཁང་གི་འཕྲིན་ཐུང་མཉེན་ཆས་ཝ་ཛེ་ཨེབ་བཀོལ་སྤྱོད་བྱེད་མཁན་རྒྱ་གར་ནང་ས་ཡ་༢༠༠ ལས་མང་བ་ཡོད་པས། འཕྲིན་ཐུང་གི་མཉེན་ཆས་དེའི་ནང་ཚོགས་པ་མང་པོ་ཞིག་གསར་འཛུགས་ཀྱིས། གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་དང་། དེ་དག་ལ་བརྟེན་ནས་རྒྱ་གར་ནང་མི་ཉེས་མེད་ཁག་ཅིག་གི་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།

ངོ་དེབ་ཚོང་ལས་ཁང་གིས་ཟླ་༤ པའི་ཚེས་༢ ཉིན་ཝ་ཛེ་ཨེབ་འཕྲིན་ཐུང་མཉེན་ཆས་ཐོག མཉེན་ཆས་དེ་བཀོལ་སྤྱོད་བྱེད་མཁན་ཚོས་གནས་ཚུལ་གང་ཞིག་རྫུན་མ་ཡིན་མིན་ཞིབ་འཇུག་བྱེད་ཐུབ་ཆེད་ཀྱི་ཆ་རྐྱེན་ཞིག་བསྐྲུན་ཡོད་འདུག དེ་ཡང་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་གྱིས་གནས་ཚུལ་དེ་དང་འབྲེལ་བའི་ཡི་གེ་དང་། བརྙན་ཐུང་། པར། དྲ་ཐག་སོགས་དབྱིན་ཡིག་དང་རྒྱ་གར་གྱི་སྐད་ཡིག་མི་འདྲ་བ་བཞི་ཐོག་ནས། གནས་ཚུལ་ཞིབ་འཇུག་བྱེད་མཁན་གྱི་ཚོང་ལས་ཁང་དེའི་ཝ་ཛེ་ཨེབ་ཀྱི་ཨང་གྲངས་ལ་མཁོ་སྤྲོད་བྱེད་རྒྱུ་ཡོད་པ་དང་། ཚོང་ལས་ཁང་དེས་གནས་ཚུལ་ཞིབ་འཇུག་བྱས་ཏེ་བརྡ་ལན་སྤྲོད་ཀྱི་ཡོད་པ་རེད་འདུག ད་ལྟའི་ཆར་ལས་དོན་དེའི་ཆེད་དུ་གཙོ་བོ་རྒྱ་གར་གྱི་ཚོང་ལས་ཁང་གཅིག་དང་། དེ་ལ་རམས་འདེགས་བྱེད་མཁན་ཚོགས་པ་གཞན་གཉིས་ཡོད་པ་རེད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུ་དང་དེ་བཞིན་འབར་མའི་ནང་ཁ་ཆེ་རུང་གྷེ་ཡ་མི་རིགས་ལ་དྲག་སྤྱོད་སོགས་ཀྱི་གནད་དོན་ཐད། ངོ་དེབ་བཀོལ་སྤྱོད་ཆེན་པོ་བྱས་ཏེ་གནས་ཚུལ་རྫུན་མ་དང་འཁོན་འཛིན་སློང་བའི་གནས་ཚུལ་ཁྱབ་སྤེལ་བྱས་པའི་དངོས་ཡོད་གནས་ཚུལ་ར་སྤྲོད་བྱུང་ནས། ངོ་དེབ་ཚོང་ལས་ཁང་ལ་གནས་ཚུལ་དེའི་རིགས་སྟངས་འཛིན་བྱེད་ཐུབ་མེད་པའི་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༢༧ ཀློག་གྲངས།