༧གོང་ས་མཆོག་གི་སྐུ་གཟུགས་བརྟག་དཔྱད་ཡག་པོ་བྱུང་ཡོད་འདུག

ད་ལྟའི་ཆར་སྙུང་གཞི་ཕྲན་བུ་བཞེས་ཡོད་རེད་དེ་ཛ་དྲག་གི་གནས་ཚུལ་དེ་འདྲའི་གཏན་ནས་མི་འདུག་ཅེས་སྐུའི་བླ་སྨན་ཚེ་བརྟན་གྱིས་གསུངས་ཡོད་པ་རེད།
ཟླ་འདིའི་ཚེས་༤ ནས་༦ བར་༧གོང་ས་མཆོག་སྰི་ཤེས་ཡོན་བསླབ་གཞི་དབུ་འབྱེད་མཛད་སྒོར་ཕེབས་རྗེས་ཚེས་༨ ཉིན་བཞུགས་སྒར་དུ་ཞབས་སོར་འཁོད་ཡོད་ཀྱང་སྐུ་གཟུགས་ཕྲན་བུ་མི་བདེ་བའི་རྐྱེན་གྱིས་ཚེས་༩ ཞོགས་པར་སྐུ་གཟུགས་བརྟག་དཔྱད་ཆེད་ལྡི་ལིར་MAX སྨན་ཁང་དུ་ཕེབས་ཡོད་པ་དང་། སྔ་དྲོར་སྨན་ཁང་དུ་ཆུ་ཚོད་ཁ་ཤས་རིང་བརྟག་དཔྱད་ཚང་མ་ལེགས་གྲུབ་བྱུང་སྟེ་སྐུ་མི་བདེ་བ་རྣམས་ཞི་ནས་ཕྱི་དྲོར་སྐུ་ལྷོད་ལྷོད་ཀྱིས་བཞུགས་ཡོད་འདུག
སྐུའི་སྙུང་གཞི་དེ་མགུལ་ཆམ་ལ་བརྟེན་ནས་གློ་ཚད་བྱུང་བ་ཡིན་འདུག་ཀྱང་། གློ་ཚད་རིམ་པ་མང་པོ་ཡོད་པའི་ནང་ནས་རིམ་པ་དམའ་ཤོས་དེ་ཡིན་པས་སྐུ་ཁམས་ཐོག་ལ་གློ་ཚད་དེ་ཤུགས་ཆེན་པོ་གང་ཡང་མེད་ཀྱང་གཉན་འཇོམས་གསོལ་སྨན་ཞིག་མཆོད་དགོས་པས་ཉིན་ཤས་རིང་ལྡི་ལིར་བཞུགས་དགོས་པ་དང་། དེ་མིན་ཛ་དྲག་གི་གནས་སྟངས་གང་ཡང་མེད་པར་སྐུའི་བླ་སྨན་ཚེ་བརྟན་གྱིས་གསུངས་འདུག་པ་དང་། དེ་བཞིན་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་གྱིས་༧གོང་ས་མཆོག་ལ་སྐུ་མི་བདེ་བ་ཕྲན་བུ་བྱུང་བས་ལྡི་ལིར་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཕེབས་ཡོད་ཀྱང་ཛ་དྲག་པོ་གང་ཡང་མིན་པ་དང་འདིར་ཉི་མ་གཉིས་གསུམ་ཞིག་གསོལ་སྨན་བཞེས་ཏེ་བཞུགས་ཀྱི་ཡོད་པར་གསུངས་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༨༢༥ ཀློག་གྲངས།